སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་བསྒྲིལ་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༨ ཉིན་དགོང་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་ལས་ཉིན་གྲངས་བརྒྱད་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད།

དེ་ཉིན་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་འོས་འདེམས་ཀྱི་ལས་རིམ་ཐོག སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་རྣམ་གཉིས་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་མང་མོས་ཀྱིས་བདམས་ཐོན་བྱུང་ཞིང་། དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པ། དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ “ཀ” པའི་དགོངས་དོན་ལྟར། འདེམས་སྒྲུག་ཚོགས་ཆུང་ནས་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཤེལ་ལེ་ཀརྨ་ལེགས་བཤད་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་ཏེ། སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་ལ་འོས་གྲངས་ ༣༠ དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཤེལ་ལེ་ཀརྨ་ལེགས་བཤད་ལགས་ལ་འོས་གྲངས་ ༡༡། རྩིས་མེད་ ༣ བཅས་བྱུང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་འོས་བསྡུའི་འགན་འཛིན་ལས་འཕར་དུ་མང་མོས་ཀྱིས་བདམས་ཐོན་བྱུང་བའི་གསལ་བསྒྲགས་དང་།

དེ་བཞིན་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་པའི་ཐོག འདེམས་སྒྲུག་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ་ཟུར་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་ལ་འོས་གྲངས་ ༣༢ དང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ་ཟུར་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ལ་འོས་གྲངས་ ༡༡། རྩིས་མེད་ ༡ བཅས་བྱུང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་འོས་བསྡུའི་འགན་འཛིན་ལས་འཕར་དུ་མང་མོས་ཀྱིས་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།

ལས་བསྡོམས་སྙན་སྒྲོན་དང་། ཞིབ་བཤེར་ལས་དོན་ཐོག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། འཕྲོད་བསྟེན་ལས་ཁུངས་གཉིས་ཀྱི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་རིམ་པས་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ལན་འདེབས་གསལ་བཤད་གནང་སོང་།

ཁྲིམས་བཟོའི་ལས་དོན་ཐོག གཞུང་འབྲེལ་ཡིག་ཆ་ཨང་། ༤༧ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ཞེས་པའི་ནང་གསེས་ ༤ པ་དང་། ཡིག་ཆ་ཨང་། ༤༨ བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་གཉིས་པ་དང་། ལྔ་པའི་ ༤ དང་། ༥། བདུན་པའི་ ‘ཀ’ ཡི་ ༥ པ་གསར་འཇུག། ‘ང’ ཡི་ ༡ པོ། དགུ་པ། ཉེར་བཞི་པའི་ ‘ཀ’ ཡི་ནང་གསེས་ ༡། ༢། ༣། ཉེར་ལྔ་པའི་ ‘ཀ’ ཡི་ ༡། ༢། ༣། སོ་གསུམ་པའི་ ‘ཁ’ ཡིག་ཆ་ཨང་། ༤༩ བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་དྲུག་པའི་ནང་གསེས་ ༤ དང་། ༥ དང་། བཅུ་པའི་ ‘ཁ’ ཡི་ནང་གསེས་ ༡ པོ། ཡིག་ཆ་ཨང་། ༥༠ བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དྲུག་པའི་ནང་གསེས་ ༡ པོའི་ ‘ཀ’ དང་། ‘ཁ’ གསར་འཇུག ‘ག’ ‘ང’ ‘ཆ’ ཡིག་ཆ་ཨང་ ༥༡ བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བཅུ་པའི་ནང་གསེས་ ༢ པ། ཡིག་ཆ་ཨང་། ༥༢ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ཕོགས་ཐོབ་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བཅུ་པའི་ནང་གསེས་ ༢ པ་བཅས་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས།

གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཀྱི་ལས་རིམ་ཐོག   ཡིག་ཆ་ཨང་། ༥༣ པ། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པའི་གྲོས་ཆོད་ཡིག་ཆ་ཨང་། ༥༩ ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༨ ཉིན་ཚོགས་གཙོ་སྦྲེལ་པོས་བོད་ཀྱི་རྒྱལ་དར་དང་འབྲེལ་བའི་ཐད་དེ་སྔ་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་གི་སྙན་ཐོ་མཇུག་སྐྱོང་དང་། བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་། མཚོན་མདོག དེ་བཞིན་བོད་ཀྱི་རྒྱལ་གླུའི་གདངས་རོལ་རིང་ཐུང་བཅས་ཚད་ལྡན་གཅིག་གྱུར་ཡོང་ཆེད་རྩ་འཛིན་ལམ་སྟོན་གྱི་ཟིན་བྲིས་བཟོ་ཆེད་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་གཉིས་དང་བཀའ་ཤག་གི་སྐུ་ཚབ་གཅིག་བཅས་མི་འགྲོ་གསུམ་ལས་གྲུབ་པའི་ཚོགས་ཆུང་བསྐོ་གཞག་དང་། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཚོགས་ཆུང་གི་ཚོགས་མི་གསུམ་ལྷན་འཛོམས་ཀྱིས་ལས་དོན་འགོ་འཛུགས་བསྐྱངས། ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༡ འཁོད་གནས་ནང་ཚོགས་ཆུང་གི་ཚོགས་མི་རྣམས་ཚང་འཛོམས་ཀྱིས་ལས་དོན་འགོ་འཛུགས་ཞུས་ཀྱང་། ཚོགས་མི་རྣམས་དུས་ཁོམ་བྱུང་མིན་སོགས་ཀྱིས་རྐྱེན་གྲུབ་དོན་སྙན་ཐོ་དུས་ལྟར་ཕུལ་ཐུབ་མིན་ལ་སོང་། ཚོགས་ཆུང་གི་དུས་ཡུན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་གོང་བར་ཕར་འགྱངས་ཡོང་བའི་སྙན་ཞུ་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐོག་སྙན་སེང་གནང་བ་ལྟར། ཚོགས་ཆུང་གི་ཞུ་དོན་བཞིན་གྲུབ་དོན་སྙན་ཐོ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་གོང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས་རྒྱུའི་ཐོག སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་པར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས།

ཡིག་ཆ་ཨང་། ༥༤ པ། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པའི་གྲོས་ཆོད་ཡིག་ཆ་ཨང་། ༥༨ པའི་ནང་གསེས་ ༧ ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་། སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཁག་དེབ་གཟུགས་སུ་ཕྱོགས་བསྒྲིགས་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་ཞེས་པའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་དཔེ་དེབ་ཁ་བསྐོང་རྩོམ་སྒྲིག་བྱ་རྒྱུའི་ཆེད་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་གསུམ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་གཞག་གིས་གྲུབ་དོན་སྙན་ཐོ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་གོང་འགོད་འབུལ་དགོས་པའི་གྲོས་ཆོད་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༨ ཉིན་ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་གི་མི་འགྲོ་གསུམ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༤ ཉིན་ཚོགས་མི་གསུམ་ལྷན་འཛོམས་ཀྱིས་ལས་དོན་དངོས་སུ་འགོ་འཛུགས་བསྐྱངས། དེ་རྗེས་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༨ འཁོད་གནས་ནང་འདི་ག་ཚོགས་ཆུང་གི་ངོས་ནས་ད་བར་དུས་ཚོད་མང་པོ་བཏང་སྟེ་ལས་དོན་ཧུར་ཐག་ཞུས་ཡོད་པ་དེ་ལྟ་ཡང་། ལས་གཞི་འདི་ཉིད་གཞི་རྒྱ་ཆེ་བ་ཡིན་སྟབས། ད་དུང་འཐུས་ཚང་དང་ཞུ་དག་སོགས་གང་ཙམ་ཞིག་བྱེད་དགོས་འདུག་ན། འདི་ལོའི་ཟླ་ ༡༢ ཚེས་ ༣༡ བར་དུ་ཕར་འགྱངས་གནང་སྐྱོང་ཡོང་བའི་སྙན་ཞུ་འབྱོར་བར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐོག་སྙན་སེང་གནང་བ་ལྟར། གོང་གསལ་གནས་སྟངས་ལ་བརྟེན་ཚོགས་ཆུང་གི་ཞུ་དོན་བཞིན་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༣༡ གོང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་བཏོན་པ་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

མཐར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་བཅུ་པའི་མཇུག་བསྡོམས་གསུང་བཤད་ (གསུང་བཤད་ཞིབ་ཕྲ།) གནང་རྗེས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། ཚོགས་འདུ་མཇུག་བསྒྲིལ་གནང་ཡོད།

དེ་ཉིན་ཕ་རན་སི་རོགས་ཚོགས་ (AET) ཀྱི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་དང་། ཚོགས་མི་ངག་དབང་སྒྲོལ་དཀར་ལགས། ཚོགས་མི་སྐུ་ཞབས་ Goerges Bordet ལགས། ཚོགས་མི་སྐུ་ཞབས་ Hervet Claude Berhau ལགས། ཚོགས་མི་ལྕམ་སྐུ་ Helena Juliette Roger ལགས། ཚོགས་མི་ལྕམ་སྐུ་ Emmanuelle Anne Beatrice Morand ལགས་བཅས་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་སྐབས། གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས།