སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམ་པ།

null

ཚོགས་གཙོ།

མཁན་པོ་བསོད་ནམས་བསྟན་འཕེལ་མཆོག (༢༠༡༦།༠༥།༣༡ ནས་ ༢༠༡༨།༡༡།༣༠)
null

ཚོགས་གཙོ།

རུ་ཐོག་བྱང་སྟོད་པདྨ་འབྱུང་གནས་མཆོག(༢༠༡༨།༡༢།༡ ནས་ ༢༠༢༡།༤།༨)
null

ཚོགས་གཞོན།

མངའ་རིས་ར་བང་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག

ཆོས་ལུགས།

null

རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག
null

རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག
null

བཀའ་བརྒྱུད་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག
null

བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག
null

ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག
null

ས་སྐྱའི་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག
null

དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག
null

དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག
null

གཡུང་དྲུང་བོན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག
null

གཡུང་དྲུང་བོན་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག

དབུས་གཙང་།

null

སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག
null

སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག
null

སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག
null

སྤྱི་འཐུས་པདྨ་འབྱུང་གནས་མཆོག(དགོངས་ཞུས།)
null

སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག
null

སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག
null

སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག
null

སྤྱི་འཐུས་ཟླ་བ་ཚེ་རིང་མཆོག
null

སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག
null

སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག
null

སྤྱི་འཐུས་རྣམ་རྒྱལ་ཁྱུ་གསར་མཆོག(ཚབ་གསར།)

མདོ་སྟོད།

null

སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག
null

སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག
null

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག
null

སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག
null

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག
null

སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག
null

སྤྱི་འཐུས་པདྨ་བདེ་ལེགས་མཆོག
null

སྤྱི་འཐུས་བློ་བཟང་གྲགས་པ་མཆོག (དགོངས་ཞུས།)
null

སྤྱི་འཐུས་ངག་དབང་ཐར་པ་མཆོག
null

སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག
null

སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག(ཚབ་གསར།)

མདོ་སྨད།

null

སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག
null

སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག
null

སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག
null

སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག
null

སྤྱི་འཐུས་རྒྱ་རིགས་ཐར་མཆོག(དགོངས་ཞུས།)
null

སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག(དགོངས་ཞུས།)
null

སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག
null

སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག
null

སྤྱི་འཐུས་ཀརྨ་དགེ་ལེགས་མཆོག
null

སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག
null

སྤྱི་འཐུས་དགེ་བཤེས་གངས་རི་མཆོག (ཚབ་གསར།)
null

སྤྱི་འཐུས་བསོད་ནམས་དབང་མོ་མཆོག (ཚབ་གསར།)

ལྷོ་བྱང་ཨ་རི།

null

སྤྱི་འཐུས་པདྨ་ཕྱག་མཛོད་ཚང་མཆོག
null

སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག

ཡུ་རོབ་དང་། ཨ་ཕི་རི་ཀ།

null

སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག(༢༠༡༦།༠༥།༣༡ ནས་ ༢༠༢༠།༣།༡༨)
null

སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་མཆོག

རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡ།

null

སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་མཆོག

སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམ་པའི་ལོ་རྒྱུས།

 

མིང༌། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། (༢༠༡༦/༠༥/༣༠ ནས ༢༠༡༨/༡༡/༣༠ བར)

མདོ་ཁམས་རེ་ཁེ་བྱང་སོང་རྫོང་ཁོངས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས་ལོ་ན་བདུན་ནས་སློབ་ཆུང་སློབ་གྲྭར་བསྐྱོད། རང་ལོ་ ༡༣ སྐབས་རྣ་རི་བཀྲ་ཤིས་ཆོས་གླིང་དགོན་དུ་ཆོས་སྒོར་ཞུགས་ཏེ་སྔོན་འགྲོ་བསགས་སྦྱང་གི་མཚོན་པའི་ཆོ་ག་ཕྱག་ལེན་སོགས་

ལ་སྦྱང་བརྩོན་ཞུས། ཕྱི་ལོ་ ༡༩༩༣ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ། དེ་ནས་ྋསྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་མཆོག་གིས་ཐུགས་རྗེའི་འོག་རྒྱ་གར་ལྷོ་ཕྱོགས་ཆོས་སྡེ་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་དུ་ཞུགས་རྗེས་རང་ལོ་ ༢༡ ནས་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་མདོ་གོང་འོག་དང༌། རྒྱུད་སྡེ་གོང་འོག ཆོས་འབྱུང༌། རྒྱལ་རབས། རིག་གནས་དང་བཅས་པ་ལ་སྦྱང་བརྩོན་གང་ལེགས་བྱས་འབྲས་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་མདུན་ནས་མཐའ་བྲལ་སྨྲ་བའི་དབང་ཕྱུག་ (Higher Secondary Degree) དང༌། ཕར་ཕྱིན་རབ་འབྱམས་པའི་ (Bachelor Degree) ལག་འཁྱེར་བཀའ་དྲིན་བསྩལ་ཐོབ་བྱུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མདུན་ནས་ངེས་གསང་ལེགས་བཤད་མཛོད་འཆང་ (Master of Buddhist Philosophy) གི་ལག་འཁྱེར་ཞུ་རྒྱུའི་སྐལ་བཟང་ཐོབ། བཤད་གྲྭར་སྐྱོར་དཔོན་དང༌། སློབ་དཔོན་གྱི་མཚན་གནས་རིམ་པ་གནང་ཐོབ་ཀྱིས་དགེ་རྒན་གྱི་སྲི་ཞུ་གང་འཚམས་བསྒྲུབས། སློབ་མཐར་ཕྱིན་པའི་སྐབས་དུས་དེར་ྋསྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཕྱི་ལོ་ ༢༠༠༣ ནས་བཟུང་རྣམ་གྲོལ་གླིང་གི་ཚོགས་ཆེན་དགེ་བསྐོས་ལོ་གསུམ་བྱས་རིང་དགོན་པར་ཞབས་འདེགས་གང་ནུས་ཞུས། དེའི་སྐབས་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པ་རྙིང་མའི་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་དང་ལས་ཁུར་ཞུས། ཕྱི་ལོ ༢༠༡༡ ལོར་ྋསྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་མཆོག་ནས་རྟགས་བབ་འོས་གཟིགས་ཀྱིས་མཁན་པོར་མངའ་གསོལ་དང་ཕྱག་འཁྱེར་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཆེན་པོ་ཞེས་པ་གསོལ་བསྩལ་གནང་ (Doctorate in Buddhist Philosophy) དེ་རྗེས་སླར་ཡང་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཁོངས་རྙིང་མའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་དེ་བཞིན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་སྤྱི་འཐུས་ཚོགས་གཞོན་དུ་འོས་འདེམས་ཀྱི་ད་ཆ་སྤྱི་འཐུས་ཚོགས་གཞོན་གྱི་ལས་ཁུར་ཞུ་བཞིན་པས་གྲོས་ཚོགས་དང་ཆབ་སྲིད་གནས་སྟངས་གང་ཅི་ཐད་རང་ནུས་གང་ལྕོགས་འགན་ཁུར་ཞུ་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

 

མིང༌། ཚོགས་གཙོ་པདྨ་འབྱུང་གནས། (༢༠༡༨/༡༢།༠༡ ནས་ ༢༠༢༡/༠༤/༨ བར།)

ཆུང་དུས་ཀ་སྦུག་དང་སིམ་ལ་གཏན་སློབ་ཏུ་གཞི་རིམ་སློབ་གྲྭ་བསྒྲིམས། དེ་ནས་ཝ་ཎཱ་མཐོ་སློབ་ཏུ་ཨ་ཅཱརྱ་ལོ་རིམ་གཉིས་པ་ཐོན། མཐོ་སློབ་ཏུ་སློབ་སྦྱོང་བྱེད་སྐབས་ས་སྐྱའི་སློབ་གཉེར་ལྷན་ཚོགས་ཀྱི་དྲུང་ཆེ་ཐེངས་གཉིས་དང༌། དངུལ་གཉེར། རྒན་བདག ས་གནས་འོས་བསྡུའི་ཚོགས་མི་བཅས་བྱས། ཞར་ཞོར་དུ་དཔལ་ས་སྐྱའི་སློབ་གཉེར་གྱི་ཆེད་དབུ་མ་འཇུག་པའི་འགྲེལ་པ་དང་སྤྱོད་འཇུག་སོགས་པར་བསྐྲུན་སྐབས་ཞུ་དག་གི་གཙོ་འགན་འཁུར། ཝཱ་ཎཱ་མཐོ་སློབ་ཐོན་འཕྲལ་དཔལ་ས་སྐྱ་ཆོས་སྒར་གྱི་དགེ་རྒན་ལོ་གསུམ་མ་ཟིན་ཙམ་བྱས་པའི་རྗེས་ཝཱ་ཎཱར་དགེ་རྒན་འོས་སྦྱོང་ཐེངས་དང་པོའི་ནང་འཛུལ་ཞུགས་བྱས། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་སྦིར་གསར་འབྱོར་སློབ་གྲྭར་དགེ་རྒན་དུ་བསྐོ་གཞག་གིས་ལོ་གཉིས་མ་ཟིན་ཙམ་དགེ་རྒན་བྱས། ཕྱི་ལོ་ ༡༩༨༨ ལོར་སྐབས་ ༡༠ པའི་བོད་མི་མང་སྤྱི་འཐུས་སུ་ས་སྐྱའི་ཁོངས་ནས་བདམས་ཐོན་བྱུང༌། སྐབས་བཅུ་པའི་སྤྱི་འཐུས་འཁྱུར་རྗེས་བར་བརྒལ་གྱི་དུས་ཡུན་ལོ་གཅིག་རིང་སླར་ཡང་ས་སྐྱ་ཆོས་སྒར་དུ་དགེ་རྒན་བྱས། དེ་ནས་སྐབས་ ༡༡།༡༢།༡༣།༡༤ བཅས་སུ་ས་སྐྱའི་ཁོངས་ནས་སྤྱི་འཐུས་སུ་བདམས་ཐོན་བྱུང༌། དེ་རྗེས་སྐབས་ ༡༥ པར་དབུས་གཙང་ཁོངས་ནས་བདམས་ཐོན་བྱུང༌། སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང༌། ཐོག་མར་གྲོས་ཚོགས་ལས་རིམ་གསར་ཤོག་འགོ་འཛུགས་ཞུས་སྐབས་འགན་གཙོ་ལོ་ཤས་བྱས་པ་དང༌།འབྲུག་ཏུ་གཞུང་གི་སྐུ་ཚབ་ཁོངས་སུ་བཅར་བ་དང༌། ཕྱི་རྒྱལ་པོར་ཅུ་གྷལ་དུ་ཆབ་སྲིད་གུ་ཡངས་བརྗོད་གཞིའི་ཐོག་ཟབ་སྦྱོང་དང་ཚོགས་བཅར་ཞུས། ཅེག་རྒྱལ་ཁབ་དང༌། སྦེལ་ཇེ་ཡེམ་ཡུ་རོབ་གྲོས་ཚོགས་སུ་ཐེངས་གཉིེས། སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོས་མགྲོན་འབོད་ལྟར་ཐེངས་གཅིག་དང་གཞན་གཅིག་བཅས་ཐེངས་གཉིས་དང༌། གཞན་ཡང་ཨི་ཊ་ལི། ཨི་ཌན་སྦག ཧོ་ལེནྚ། ཨིང་ལེནྚ་ལ། ཨུ་རུ་སུ། ལཊ་ཝི་ཡ། སི་པན་བཅས་སུ་བཅར། ཚོད་དཔག་འཆར་རྩིས་ཚོགས་ཆུང༌། དམིགས་བཀར་དམིགས་བསལ་ཚོགས་ཆུང༌། ལས་བྱེད་གཟེངས་རྟགས་ཚོགས་ཆུང༌། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ཞི་རྒོལ་ཆེ་མོའི་སྐབས་བཀའ་སྤྱི་གཉིས་ལས་གྲུབ་པའི་དབུས་ཀྱི་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་མི། མང་ཚོགས་རྩིས་ཁྲའི་ཚོགས་ཆུང༌། མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཕྱོགས་སྒྲིག་བྱེད་པའི་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ སྐབས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང༌། བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པའི་རྗེས་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང༌། བོད་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ལས་འགུལ་གྱི་ཚོགས་ཆུང༌། སྤྱི་ལྷན་ཚོགས་ཁང་དང་ལས་ཁུངས་གསར་རྒྱག་གི་ཚོགས་ཆུང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་ཚོགས་ཆུང་ལ་སོགས་ད་བར་ཉུང་མཐར་ཚོགས་ཆུང་ཁག་ ༣༠ ལྷག་ལ་བསྐོ་གཞག་བྱུང་བ་དང༌། ཚོགས་ཆུང་ཁ་ཤས་ལ་ཚོགས་དྲུང་ལས་མང་ཆེ་བར་ཚོགས་གཙོར་སྤྱི་མོས་བསྐོ་གཞག་བྱུང་ཡོད། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཟབ་སྦྱོང་མང་དག་ལ་གཏམ་བཤད་དང༌། ཤེས་ཡོན་སྲིད་བྱུས་གཞིར་བཟུང་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་གྱི་སྤྱི་ཚོགས་ཚན་རིག་སློབ་དེབ་ཆེད་སློབ་ཚན་གང་འཚམས་ཤིག་ཟིན་བྲིས་དང༌། ལས་བྱེད་འདེམས་ལྷན་གྱི་ལས་བྱེད་གསར་བསྡུའི་དྲི་ཤོག་ཐེངས་མང་བཟོ་མྱོང་ཡོད། འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གཉིས་ཀྱི་ལོ་རྒྱུས་འབྲི་རྩོམ་བྱས་པ་དང༌། རྩིས་ཞིབ་ལས་ཁང་གི་ལོ་རྒྱུས་ལ་ཞུ་དག་བྱས་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།

 

མིང༌། ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས།

ཕྱི་ལོ་ ༡༩༧༩ ལོར་སིམ་ལ་གཏན་སློབ་ནས་འཛིན་རིམ་བཅུ་པ་ཐོན་པ་དང་ཕྱི་ལོ་ ༡༩༨༨ ལོར་ཝར་ཎཱ་མཐོ་སློབ་ནས་ཨ་ཅཱརྱ་སློབ་དཔོན་འཛིན་རིམ་ཐོན། ཕྱི་ལོ་ ༡༩༨༣ ནས་ ༡༩༨༧ བར་ཝ་ཎཱར་སློབ་གཉེར་ལྷན་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་སོགས་ཀྱི་རྒྱུན་ལས་ཀྱི་འགན་ཁུར་ཞུས། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༡༡ ཉིན་རྡ་སར་རང་སྒེར་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་ཐོག་མ་དེ་བསྐོངས་པ་དང། སྐབས་དེར་རྒྱལ་ཁབ་ཁག་ ༢༥ སྐུ་ཚབ་ལྷན་འཛོམས་ཞུ་ཐུབ། ཕྱི་ལོ་ ༡༩༨༩ ནས་ ༡༩༩༦ བར་ཝ་ཎཱ་མཐོ་སློབ་དང་སུ་ཇཱ་བོད་ཁྱིམ་གཉིས་སུ་འཛིན་སྐྱོང་དང་སློབ་དགེའི་ལས་ཁུར་ཞུས། དེ་བཞིན་ཕྱི་ལོ་ ༡༩༩༤ ནས་ ༢༠༠༤ བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཟུང་དྲུང་དང་དྲུང་ཆེ། དེ་ནས་ཚོགས་གཙོའི་འགན་ཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་ཞུས་པ་དང་ད་ལྟ་ཚོགས་གཞོན་གྱི་ལས་ཁུར་ཞུ་མུས། ལྷག་པར་ ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༩ ནས་ ཟླ ༨ ཚེས་ ༢༦ བར་ཡུ་རོབ་རྒྱལ་ཁབ་གསུམ་ནང་བོད་དོན་ཞི་བའི་གོམ་བགྲོད་ཉིན་གྲངས་ ༤༩ རིང་རྒྱང་ཚད་ཀི་ལོ་མི་ཊར་ ༧༠༠ ལྷག་གོམ་བགྲོད་བྱས། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༣ ཉིན་ཇེ་ནི་ལྦ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་ཚོགས་བཅར་དང་གཏམ་བཤད་བྱས། ཕྱི་ལོ་ ༢༠༡༠ ཟླ་ ༣ པའི་ནང་རྒྱལ་སྤྱིའི་གུ་ཡངས་རིང་ལུགས་དང་ཆོས་ལུགས་ཀྱི་ཚོགས་དུས་ཐོག་ཇར་མན་དུ་ཚོགས་བཅར་ཞུས། ཕྱི་ལོ་ ༢༠༠༤ ནས་ ༢༠༡༥ བར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནང་ལས་འཆར་འགན་འཛིན་གྱི་ཐོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བའི་ལྷན་ལས་ཀ་བྱས། བོད་མིའི་སྤྱི་ཚོགས་ནང་ཟབ་སྦྱོང་གོ་སྒྲིག་དང་སྦྱོང་བརྡར་འབུལ་རྒྱུའི་གོ་སྐབས་ཐོབ། ཕྱི་ལོ་ ༢༠༠༦ ནང་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་འོས་འདེམས་བྱུང༌། ཕྱི་ལོ་ ༢༠༠༧ ལྡི་ལི་ལྷོ་ཕྱོགས་བོད་རིགས་མཐུན་ཚོགས་པ་གསར་འཛུགས་དང་དེའི་སློབ་སྟོན་པའི་འགན་ཁུར་ཞུ་མུས། ཕྱི་ལོ་ ༢༠༠༧ ནས་ ༢༠༡༣ བར་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་ཀྱི་ཚོགས་གཙོའི་འགན་ཁུར་ཞུས། ཕྱི་ལོ་ ༢༠༠༨ ལྡི་ལིར་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་ཐོག་ཆབ་སྲིད་ཀྱི་ལས་འགུལ་དུ་མ་ཤིག་སྤེལ་རྒྱུའི་གོ་སྐབས་ཐོབ། ཕྱི་ལོ་ ༢༠༠༩ ནས་ ༢༠༡༥ རྒྱ་གར་མཐོ་སློབ་དང་སློབ་གྲྭ་ཁག་དེ་བཞིན་རྒྱལ་སྤྱིའི་ཚོགས་འདུ་ཁག་དང༌། རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་གི་ལྷན་དངོས་སུ་མཇལ་འཕྲད་ཞུ་རྒྱུ་བྱུང༌། དེ་བཞིན་སླར་ཡང་ཕྱི་ལོ་ ༢༠༡༡ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་འོས་འདེམས་བྱུང༌། ཕྱི་ལོ་ ༢༠༡༢ ནང་བོད་ཀྱི་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་བྱུང༌། ཕྱི་ལོ་ ༢༠༡༣ ནང་རྒྱ་གར་གཞུང་གིས་ལཝ་ཎཱ་མཐོ་སློབ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་བྱུང། ལྷག་པར་བོད་མིའི་སྤྱི་ཚོགས་ལ་དཀའ་ངལ་ཇི་འཕྲད་ཐོག་དབུས་དང་མངའ་གཞུང་གཉིས་ལ་ཞུས་པས་དཀའ་སེལ་གང་ཐུབ་བྱུང༌། ༢༠༡༤ དང་ ༢༠༡༥ ནང་ས་གནས་ཁག་བཞི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་སླར་གསོ་ཞུ་ཐུབ་པ་བྱུང༌། དེ་བཞིན་ ༢༠༡༥ ནང་གསོ་བ་རིག་པའི་ལྷན་ཚོགས་དང༌། རྡ་ས་ཧིན་བོད་མཛའ་ཚོགས་གཉིས་ཀྱི་སློབ་སྟོན་པར་བསྐོ་གཞག་བྱུང༌།

སྤྱི་འཐུས་སྐབས་བཅུ་བཞི་དང་བཅོ་ལྔ་གཉིས་ནང་ཚོགས་ཆུང་ཁག་བདུན་ནང་འགན་ཁུར་འདས་པའི་ལོ་བཅོ་ལྔའི་ནང་རྒྱ་གར་དབུས་སའི་ཆབ་སྲིད་གནད་ཡོད་མི་སྣ་ཁག་དང་ཡང་ཡང་མཇལ་འཕྲད་ཞུས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་བོད་མྀ་སྤྱིའི་འཐུས་ཚབ་མཚོན་པའི་ཐོག་བོད་ཀྱི་རྩ་དོན་སླད་ལས་དོན་རང་ནུས་ཅི་ནུས་བྱ་རྒྱུའི་དམ་བཅའ་ཞུ་རྒྱུ་ཡིན།

 

མིང༌། མཁན་པོ་འཇམ་དཔལ་བསྟན་འཛིན།

རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་གྱི་ལོ་རྒྱུས། ཕྱི་ལོ་ ༡༩༨༢ ཟླ་ ༡༢ ཚེས་ ༢༣ ཉིན། ཁམས་མི་ཉག་ནགས་ཕྲན་སྡེ་པར་སྐྱེས། ཆུང་དུས་ནས་རང་དགོན་རབ་སྒང་དགོན་དུ་ཞུགས་ནས་མཐོང་རྒྱུད་ཕྱག་བཞེས་སོགས་ལ་སྦྱང་པ་བྱས། རང་ལོ་བཅུ་དྲུག་སྟེང་ནས་རང་དགོན་བཤད་གྲྭར་ཞུགས་ཏེ་རིམ་བཞིན་རིག་གནས་སྐོར་ལ་སྦྱང་པ་འགོ་བཙུགས། ཕྱི་ལོ་ ༡༩༩༦ ལོར་གསེར་ཐང་བླ་མ་རུང་དུ་ཕྱིན་ཏེ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་པ་ལྷོད་མེད་བྱས་ཏེ་སྦྱང་འབྲས་ལེགས་གྲས་སུ་སླེབས་ཏེ་བགྲོ་གླེང་དམ་བཅའ་ཡང་ཐེངས་གཉིས་སུ་བཞག ཕྱི་ལོ་ ༢༠༠༥ ལོར་འཕགས་པའི་ཡུལ་དུ་གནས་སྐོར་ལ་སླེབས་སྐབས་ྋསྔ་འགྱུར་བསྟན་པའི་སྤྱི་དཔལ་རྫོགས་ཆེན་རིན་པོ་ཆེའི་བཀའ་དགོངས་ཟློག་མ་ནུས་པར་ཀོ་ལི་གྷལ་དོན་ལྡན་གླིང་རྫོགས་ཆེན་དགོན་དུ་གཏན་བཞུགས་གནང་ནས་རིམ་པར་བཤད་གྲྭའི་དགེ་རྒན་དང༌། བཤད་གྲྭའི་འགན་འཛིན། སྐུ་སྒེར་དྲུང་ཡིག་རྩོམ་སྒྲིག་འགན་འཛིན། རྒྱུན་ལས་ཚོགས་གཙོ་སོགས་རིམ་པར་བྱས་ཏེ་ཕྱི་ལོ་ ༢༠༡༢ ལོར་རྫོགས་ཆེན་ལས་ཐོག་མཁན་པོར་བསྐོ་གཞག་གནང་བ་ལྟར་ད་ཐེངས་དགོན་སྤྱི་ཁྱབ་འགན་འཛིན་གཞོན་པར་འོས་འགན་བཞེས་ཏེ་ཡོད། གཞན་སྤྱི་ཚོགས་རམ་འདེགས་ལ་ས་གནས་མང་ཚོགས་དང༌། ཁྱད་པར་དུ་རྒན་གསོ་ཁང་ལ་མ་བསྐུལ་དང་ལེན་གྱིས་ཆོས་བཤད། སློབ་ཕྲུག་ཚོར་བོད་མི་རིགས་ཀྱི་སྲོལ་རྒྱུན་སྐོར་དུས་ནས་དུས་སུ་ངོ་སྤྲོད་བྱས། བླ་ཆེན་འཚོགས་འདུ་སོགས་བགྲོ་གླེང་གི་གླེང་སྟེགས་མང་པོར་ཞུགས་ནས་ནང་པའི་ལྟ་གྲུབ་སྤྱི་དང༌། ཆོས་རིག་འཛིན་སྐྱོང་སྐོར་སོགས་ལ་གླེང་མོལ་ཐེངས་མང་བྱས། མི་ཉག་སྐྱིད་སྡུག་གི་དྲུང་ཆེ་ཟུར་པ། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་འདས་མཆོད་སྨོན་ལམ་ཚོགས་པའི་རྒྱུན་ལས། མདོར་ན་ཆོས་དང་རིག་གཞུང་ཆེད་རང་ནུས་གང་ཡོད་བྱེད་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།

 

 

མིང་། ཀུན་དགའ་བསོད་སྟོབས།

གུས་སྐབས་ ༡༦ པའི་བཀའ་བརྒྱུད་སྤྱི་འཐུས་དངོས་གཞིར་འོས་མི་ལང་མཁན་ཀུན་དགའ་བསོད་སྟོབས་ནི་ཕྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༡ ཉིན་མདོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་སུ་སྐྱེས།  ཆུང་དུས་ཕ་ཡུལ་གྱི་གྲོང་པའི་སློབ་ཆུང་དུ་རྒྱ་བོད་གཉིས་ཀའི་སྐད་ཡིག་ལ་ལོ་ངོ་གཉིས་ལྷག་ཙམ་གྱི་རིང་དུ་སློབ་སྦྱོང་བྱས། དེ་ནས་རང་ལོ་བཅུ་གཅིག་ཙམ་ལ་སོན་དུས་སྔོན་བསགས་བསོད་ནམས་ཀྱི་མཐུ་དང་ནང་མིའི་རྒྱབ་སྐྱོར་མ་ཟད་རང་ཉིད་ཀྱི་དད་ཞེན་གྱི་དབང་གིས་བོད་གཏེར་སྒར་དགོན་དུ་ཆོས་སྒོར་ཞུགས་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ།  དེ་ནས་དགོན་དེ་གའི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་སློབ་སྦྱོང་བྱས།   ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་བཀའ་བརྒྱུད་པའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭ་ལ་ཞུགས་ཏེ་ལོ་ངོ་དུ་མའི་རིང་གཞུང་ཆེན་ཁག་ལ་སྦྱངས་བརྩོན་བྱས།

 

 

 

མིང༌། བསྟན་པ་ཡར་འཕེལ།

བོད་མདོ་ཁམས་ཆབ་མདོ་རྫ་རྒྱུད་དུ་སྐྱེས་ཤིང༌། གྲོང་ཚོའི་སློབ་ཆུང་ནས་བོད་ཡིག་སྦྱོར་ཀློག་དང༌། དོན་བརྒྱུད་དཔལ་ལྡན་འབྲུག་པའི་གདན་ས་མཚན་ཉིད་རྣམ་རྒྱལ་ཆོས་འཁོར་གླིང་དུ་རང་ལུགས་ཆོས་སྤྱོད་བློ་འཛིན། གདན་ས་ཁམས་པ་སྒར་དང་གསེར་རྟ་ཆོས་སྒར་བཅས་སུ་གཞུང་ཆེན་ཁག་ལ་སྦྱང་པ་བྱས། ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་དུ་འབྱོར་རྗེས་ཐོག་མར་རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་ལོ་མང་རིང་མཚན་ཉིད་རིགས་ལམ་སྦྱང༌། ཕྱི་ལོ་ ༢༠༠༤ ལོར་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་འཛུལ་ཞུགས་ཀྱིས་བོད་ཀྱི་རིགས་གནས་ལ་སློབ་གཉེར་གྱིས་ཕྱི་ལོ་ ༢༠༠༨ ལོར་མཐོ་རིམ་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༠༩ ལོར་བོད་གཞུང་ཆོས་རིག་ལས་ཁུངས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་དགོན་སྡེ་སུམ་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་དེབ་ཕྲེང་གསུམ་ཅན་རྩོམ་སྒྲིག་བྱས། ཕྱི་ལོ་ ༢༠༡༡ ལོར་སྐབས་ ༡༥ པའི་བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་ལས་དོན་ཞུ་སྒོ་ཁག་འགན་ཁུར་ཞུ་མུས་མ་ཟད། ལྷག་པར་གྲོས་ཚོགས་ཚོགས་དུས་གཅིག་ཀྱང་ཆད་མེད་ཐོག་གཞུང་དང་མི་མང་གི་ཁེ་ཕན་གཙོ་བོར་བཟུང་ཏེ་ངོ་དགའ་སྤྲེལ་ལད་མེད་པར་གཟེངས་སུ་ཐོན་པའི་དྲང་བདེན་གྱི་གཏམ་བཤད་མང་པོ་བྱས་པ་དང༌། ད་ལྟའི་ཆར་བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་རྒྱུན་ལས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

 

 

མིང༌། སློབ་དཔོན་ཐུབ་བསྟན་རྒྱལ་མཚན།

བོད་ཤར་ཕྱོགས་སྨར་ཁམས་སྒང་སྤང་མདའ་དཔོན་གྱི་མངའ་འབངས་ལྷ་འདུས་གོ་མོ་ནང་ས་སྲུང་ཚང་གི་ཁྱིམ་རྒྱུད་དུ་ ཕྱི་ལོ་ ༡༩༨༢ ལོར་སྐྱེས། རང་ལོ་བརྒྱད་ཐོག་རང་དགོན་དཔལ་ལྡན་ལྕང་མགོ་དགོན་བརྩེ་ཆེན་བཤད་སྒྲུབ་ཐེག་མཆོག་གླིང་དུ་ཆོས་སྒོར་ཞུགས་ནས་དབྱངས་གསལ་ཕྱི་མོ་འབྲི་ཀློག་སྦྱངས། དུས་མཚུངས་ཁྲོ་རྡོ་དགོན་མཁན་ཆེན་ཡེ་ཤེས་བཟང་པོ་དང་ྋསྐྱབས་རྗེ་གྲུབ་དབང་གུ་ཎ་པན་ཆེན་རིན་པོ་ཆེ་གཉིས་ཀྱི་ཞལ་སྔ་ནས་ཟབ་ཆོས་གསུང་ངག་ལམ་འབྲས་སོགས་ཞུས། རང་ལོ་བཅུ་བཞི་ཐོག་མཁས་པའི་དབང་པོ་རབ་འབྱམས་པ་སེ་དམུ་དཔལ་ལྡན་གཙོས་པའི་བཤེས་གཉེན་དུ་མའི་ཞབས་རྡུལ་རེག་ནས་བརྡ་དག་དང་ནང་ཆོས་སོགས་ལ་སྦྱངས་པ་ཚུགས། ཕྱི་ལོ་ ༢༠༠༠ ལོར་འཕགས་ཡུལ་དུ་འབྱོར་ནས་བྱེས་ཀྱི་གདན་ས་ར་ཛ་སྤུར་ས་སྐྱ་ཆོས་སྒར་དུ་འཛུལ་ཞུགས་བྱས། ཕྱི་ལོ་ ༢༠༠༡ ལོར་སྐྱབས་མཆོག་ྋགོང་མ་རིན་པོ་ཆེ་ཡབ་སྲས་རྣམ་པ་དབུ་བཞུགས་ཐོག་ཕུར་སྒྲུབ་འདོན་པ་ཆེན་པོའི་རྒྱུགས་སྤྲོད་ཕུལ་ནས་ཨང་རིམ་རྩེ་གསོན་གྱི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༠༣ ལོ་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་བཤད་གྲྭར་འཛུལ་ཞུགས་བྱ་ནས་ྋསྐྱབས་མཆོག་འཁོན་གདུང་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་བཤེས་གཉེན་མི་ཉུང་བ་ཞིག་ལས་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་པ་བགྱིས་པའི་སྐལ་བ་ཐོབ། ཕྱི་ལོ་ ༢༠༡༠ ནས་བཤད་གྲྭའི་སྐྱོར་དཔོན་དང་དགེ་རྒན་གྱི་ལས་འགན་ལོ་བཞིའི་རིང་ཁུར་ནས་གཞུང་ཆེན་ཁག་ལ་འཆད་ཁྲིད་བགྱིས། ཕྱི་ལོ་ ༢༠༡༠ ལོར་སྐྱབས་མཆོགྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སྤུ་རུ་ཝ་ལ་ས་སྐྱའི་གཞིས་ཆགས་འཛིན་སྐྱོང་སྐབས་བཅུ་བཞི་པའི་འཐུས་མིར་ཐད་སྐོས་ཀྱི་ཕྱག་རྟགས་རིན་པོ་ཆེ་བསྩལ་ཐོབ་བྱུང་བས་ལོ་གསུམ་རིང་ཞབས་ཕྱི་ཞུས། མ་ཟད་དྲྭ་རྒྱ་དང་ཚགས་པར་རླུང་འཕྲིན་སོགས་ལ་ཡང་རྩོམ་ཡིག་དང་གསར་འགྱུར་གང་མང་འགྲེམས་སྤེལ་ཞུས་མུས་མཆིས། ཕྱི་ལོ་ ༢༠༡༥ ལོར་བཀའ་བཅུ་པ་དང་སློབ་དཔོན་གྱི་གནས་རིམ་དང་པོའི་ཕྱག་འཁྱེར་ཐོབ། གཞན་ཡང་དཔལ་ས་སྐྱའི་སྐྱབས་མཆོག་ྋགོང་མ་བདག་ཁྲི་རིན་པོ་མཆོག་དང་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་པའི་སྐྱེས་ཆེན་རྣམ་པའི་ཞལ་སྔ་ནས་གསུང་ངག་ལམ་འབྲས་ཚོགས་སློབ་ཀྱིས་གཙོས་པའི་རྩ་ཆེའི་དབང་ལུང་མན་ངག་སོགས་ལན་མང་ཞུས། ཕྱི་ལོ་ ༢༠༡༤ ནས་ད་བར་ས་སྐྱའི་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཚིག་མཛོད་རྩོམ་སྒྲིག་པའི་ལས་ཀ་བྱེད་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།

 

མིང༌། མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།

མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་ནི་ཁམས་དཀར་མཛེས་གནས་མཆོག་ཀཿབྲག་གྲོང་ཁྱེར་དུ་ཡབ་བློ་བཟང་ཚེ་རིང་དང་ཡུམ་ཡེ་ཤེས་ལྷ་མཚོ་གཉིས་སུ་སྐྱེས། རང་ལོ་བདུན་ནས་དབུ་འཛུགས་ཀྱིས་ས་གནས་སློབ་གྲྭ་ནས་རྫོང་ཐོག་མཐོ་སློབ་བར་རིམ་པའི་ཐོས་བསམ་སློབ་གཉེར་གནང་ནས་སློབ་མཐར་སོན། སློབ་ཆུང་སྐབས་སུ་སྤྱི་ཁྱབ་རྒན་བདག་དང་མཐོ་སློབ་འགྲིམས་པའི་དུས་སུ་ལུས་རྩལ་རྒན་བདག རྩེད་རིགས་ཚོགས་ཆུང་གི་ཚོགས་གཙོ་དང་གདོང་ལེན་རུ་ཁག་གི་རུ་དཔོན་བཅས་ཀྱི་འགན་བཞེས་མྱོང༌། ཕྱི་ལོ་ ༡༩༩༦ ལོར་རྫོང་རིག་སློབ་ཅུས༼ཤེས་རིག་ལས་ཁུངས།༽ཀྱིས་བཀའ་དགོངས་ལྟར་དཀར་མཛེས་ཟླ་ཐང་མ་ལྟེ་བའི་སློབ་ཆུང་གསུམ་པའི་དགེ་རྒན་བྱས་པ་དང་ས་གནས་ཚོགས་ཆུང་གི་ཚོགས་མི། ཕྱི་ལོ་ ༡༩༩༨ ལོར་ཆབ་སྲིད་ཀྱི་རྐྱེན་གྱིས་རྒྱ་གར་དུ་ཡོང་སྟེ་ཆེས་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དཔལ་རྫོང་གསར་བཤད་གྲྭ་ཆེན་མོར་གཞུང་ལུགས་ཆེན་མོར་ཐོས་བསམ་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༩ ལོར་འཛམ་གླིང་རྒྱལ་སྤྱིའི་པན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་བཞུགས་པ་དང་འཛུལ་ཞུགས་བྱས། ཕྱི་ལོ་ ༢༠༠༠ ལོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་རྒྱུན་གྱི་འགན་བཞེས། ཕྱི་ལོ་ ༢༠༠༢ ལོར་རྒྱ་བོད་གཞུང་ལུགས་ཆེན་མོ་དབུ་མ་དང་ཚད་མ། མངོན་པ་བཅས་ལ་གསན་སྦྱོང་ཚུལ་བཞིན་དུ་གནང་ནས་རྒྱུགས་སྤྲོད་གནས་རིམ་དང་པོའི་ཕྱག་ཁྱེར་བཞེད་པའམ་བཀའ་རམས་པའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༢༠༠༣ ལོར་སྦིར་རི་དང་ཅོན་ཏ་ར་ཏྲེ་ཧོར་སྐྱིད་སྡུག་ཚོགས་པ་གསར་འཛུགས་དང་ཚོགས་གཙོ་འགན་ལོ་གསུམ་བཞི་ཙམ་བྱས། ཕྱི་ལོ་ ༢༠༠༥ ལོར་དབུ་མ་དང་ཚད་མ། ཕར་ཕྱིན་དང་མངོན་པ། འདུལ་བ་དང་སྡོམ་གསུམ་གཞུང་ཆེན་བཀའ་པོད་དྲུག་ལ་གསན་སྦྱོང་ཚུལ་བཞིན་གནང་ནས་རྒྱུགས་སྤྲོད་གནས་རིམ་དང་པོའི་བསྟན་བཅོས་ཕྱག་ཁྱེར་བཞེས་པའམ་བཀའ་བཅུ་པའི་ཕྱག་ཁྱེར་བཞེས། ལོ་དེར་༧གོང་ས་མཆོག་ལ་ཏྲེ་ཧོར་ཁམས་པའི་བརྟན་བཞུགས་སྐབས་སུ་ཚོགས་ཆུང་གི་ཚོགས་མི་དང་ཟུར་དྲུང་བྱས། ཕྱི་ལོ་ ༢༠༠༧ ལོར་གཞུང་ཆེན་གྲགས་ཆེན་བཅོ་བརྒྱད་ཆ་ཚང་གསན་སྦྱོང་ཚུལ་བཞིན་དུ་མཛད་དེ་རྒྱུགས་སྤྲོད་གནས་རིམ་དང་པོའི་སློབ་དཔོན་གྱི་ཕྱག་ཁྱེར་བཞེས་པའམ་ལྷ་རམས་པའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༢༠༠༧ ལོའི་ཟླ་བ་ ༣ པའི་ཚེས་ ༡༢ རྫོང་གསར་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ལྷན་ཚོགས་ནས་སྤྱི་མོས་ཐོག་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁན་པོའི་ཅོད་པཎ་གྱི་མཚན་གནས་གནང་སྟེ་བལ་ཡུལ་ཁྲ་རིགས་བཤད་གྲྭའི་མཁན་པོ་མངའ་གསོལ་ནས་ལོ་ངོ་བཞི་ཙམ་བཤད་གྲྭའི་ལས་ཐོག་མཁན་པོ་ཐུགས་འགན་བཞེས། དེའི་ཞོར་དུ་རྫོང་གསར་ཆོས་ཚོགས་གསར་འཛུགས་བྱས། དེ་བཞིན་དུ་སྔ་ཕྱིའི་བོད་དང་རྒྱ་གར་བཅས་ནས་དཔར་སྐྲུན་ཟིན་པ་ཕྱག་དཔེ་བཅུ་གསུམ་ཙམ་དང་དཔར་སྐྲུན་མ་བྱེད་པ་བཞི་ལྔ་ཙམ་ཡོད་འདུག དྲ་ཚིགས་དང་དུས་དེབ། རྗེས་དྲན་དུས་དེབ་དང་འགྲན་རྩོམ་དང་ཆེད་བསྟོད་བཅས་རྩོམ་རིགས་འདྲ་མིན་གང་མང་སྤེལ་མྱོང་བ། འཛམ་གླིང་རྒྱལ་སྤྱིའི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཟུར་པ་དང་ཚོགས་མི། འཛམ་གླིང་བདེན་དོན་དང་བླངས་ཚོགས་པའི་དབུས་རྒྱུན་ལས་དང་ཚོགས་མི། རྒྱ་གར་དང་བླངས་ཚོགས་པའི་ཚོགས་གཙོ། དོལ་རྒྱལ་དཔྱད་ཞིབ་ཁང་གི་ཚོགས་མི། ཨ་རི་དང་བླངས་ཚོགས་པའི་སློབ་སྟོན་པ་དང་ཚོགས་མི། སྦིར་ཏྲེ་ཧོར་སྐྱིད་སྡུག་ཚོགས་པའི་ཚོགས་ཟུར། རྡ་སར་ཏྲེ་ཧོར་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་དང་རྩིས་པ་གཅིག་ལྕོག བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པ། བོད་ཁྱིམ་སློབ་གྲྭའི་ནང་ཆོས་འཆད་ཁྲིད་པ། བོད་ཁྱིམ་གོ་པལ་པུར་བྱིས་པའི་ལྡུམ་རྭའི་ཚགས་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་རིག་གཞུང་ཚོགས་པའི་དྲུང་ཆེ་བཅས་ཀྱི་འགན་ཁུར་བཞིན་ཡོད།

 

མིང༌། དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན།

ཕྱི་ལོ་ ༡༩༧༢ ཟླ་ ༤ ཚེས་ ༧ ཉིན་ཕ་ཨ་ཀྲུག་དབང་འདུས་དང༌། མ་རུང་རྒྱས་ཚེ་དབང་སྒྲོལ་མ་གཉིས་སུ་སྐྱེས། ཕ་མ་གཅིག་པའི་སྤུན་མཆེད་དགུ་ཡོད་པའི་ནང་ནས་ལྔ་པ་དེ་ཡིན་ཞིང༌། ཕྱི་ལོ་ ༢༠༠༧ ལོར་སྤུན་རྒན་པ་ཨ་ཀྲུག་བློ་སྤོ་ལ་རྒྱ་གཞུང་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ཆབ་སྲིད་ཀྱི་ཉེས་མིང་འོག་བཙོན་འཇུག་ལོ་ ༡༠ དང༌། ཨ་ཞང་རུང་རྒྱས་ཨ་གྲགས་ལོ་༨ སྤུན་ཆུང་བ་ཨ་ཀྲུག་སྐལ་རྒྱམ་ལོ་ ༥ བཅས་ཀྱི་ཁྲིམས་ཆད་ཕོག་སྟེ། སྤུན་རྒན་པ་ད་ལྟའང་བཙོན་ཁང་དུ་ཡོད། ཕྱི་ལོ་ ༡༩༨༣ ལོར་ལི་ཐང་དགོན་ཆེན་གྱི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་གཉིས་ཀྱི་ཕྱོགས་ལ་སྦྱངས་པ་མི་དམན་ཙམ་བྱུང༌། ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་གྱི་གཞུང་ཆེན་སོ་སོའི་གནས་རིམ་དང་པོའི་ལག་འཁྱེར་ཤ་སྟག་ཐོབ། ༢༠༡༡ ལོར་རི་བོ་དགེ་ལུགས་པའི་གྲྭ་བཙུན་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གྱིས་སྐབས་ ༡༥ པའི་དགེ་ལུགས་སྤྱི་འཐུས་ལ་བདམས། ༢༠༡༥ ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ལེགས་པར་གྲུབ་སྟེ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ། གཞན་ཡང་མང་གཙོའི་ཀ་བ་གསུམ་གྱི་ལས་དོན་བྱེད་ཕྱོགས་དང་ཁྲིམས་དང་སྒྲིག་གཞི་སོགས་ཆབ་སྲིད་དང་འབྲེལ་བའི་ཟབ་སྦྱོང་དུ་མར་ཞུགས་ནས་ལག་ཁྱེར་ཡང་ཐོབ་པ་བྱུང༌། ལྷག་པར་ ༢༠༠༧ ལོར་ལི་ཐང་དུ་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱིས་ཞི་བའི་སྐད་འབོད་སྐབས། བོད་ནས་ཛ་དྲག་གི་གནས་ཚུལ་དྲང་བདེན་ངང་འཚོལ་བསྡུ་གནང་སྟེ། བརྒྱུད་ལམ་སོ་སོ་ནས་རྒྱལ་སྤྱིའི་ཐོག་གཞིས་ལུས་བོད་མིའི་བདེན་དོན་དང་འབྲེལ་བའི་གཏམ་བཤད་དང་ཁྱབ་བསྒྲགས་ལ་གཞིས་བྱེས་གཉིས་ནས་ལེགས་སོ་བསྔགས་བརྗོད་གང་མང་ཐོབ། མོན་གྷོ་ས་གནས་ཆུ་སྒང་གི་དྲུང་ཆེ་ཟུར་པ་དང༌། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འཐུས་མི་ཟུར་པ། མདོ་ཁམས་ལི་ཐང་ཚོགས་པའི་སློབ་སྟོན་པ་དང༌། དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ། བོད་མི་མང་དགེ་ལུགས་སྤྱི་འཐུས་བཅས་ཀྱི་ལས་ཀ་བྱེད་མུས་ཡིན་པ་བཅས་སོ།

 

མིང༌། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ།

༡༩༧༧ ལོར་ཁམས་འབའ་ཐང་དུ་སྐྱེས། ཆུང་དུས་ས་གནས་སློབ་ཆུང་བར་འགྲིམས། དེ་ནས་འབའ་རྗིང་དགོན་གྲྭ་ཚང་དུ་ཆོས་ཞུགས་བྱས་ཏེ་འདོན་རྟ་དབྱངས་སོགས་ལེགས་པར་ཐོན། ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་དུ་ཡོང་ནས་འབྲས་སྤུངས་བློ་གསལ་གླིང་དུ་སློབ་ཞུགས་བྱས། དགེ་བའི་བཤེས་གཉེན་ཆེན་པོ་སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་མཆོག་དང༌། སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱ་མཚོ། མཧཱ་པནྜི་ཏ་རྗེ་བཙུན་རྣམ་རྒྱལ་དབང་ཆེན་སོགས་ཀྱི་ཞབས་ལ་གཏུགས་ནས་རིགས་ལམ་གྱི་བརྒལ་བརྟག་སློབ་འགོ་བརྩམས། གྲྭ་ཚང་དུ་རྒྱུགས་དུས་དང་པོའི་སྐབས་རྒྱུགས་འབྲས་རྩེར་སོན་གྱིས་སྐྱབས་རྗེ་མཁན་རིན་པོ་ཆེས་གཙོས་དབུ་ཆོས་རྣམ་པས་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོ་བཞག་གནང་བ་ལྟར་ལོ་ངོ་བཅུ་བདུན་ལྷག་འཛིན་གྲྭའི་སྐྱོར་དཔོན་གྱི་ལས་ཁུར་བྱས། མུ་མཐུད་ནས་འཕགས་བོད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་དཔྱིས་ཕྱིན་པ་བྱས་འབྲས་སུ་ ཕྱི་ལོ་ ༢༠༠༢ ལོར་ཕར་ཕྱིན་རབ་འབྱམས་ཨང་དང་པོའི་ཕྱག་ཁྱེར་ཐོབ། ཕྱི་ལོ་ ༢༠༠༥ ལོར་དབུ་མ་རབ་འབྱམས་ཨང་དང་པོའི་ཕྱག་ཁྱེར་དང༌། ཕྱྀ་ལོ་ ༢༠༠༩ ལོར་འདུལ་བ་རབ་འབྱམས་ཨང་དང་པོའི་ལག་ཁྱེར་བཅས་ཐོབ་ནས་གྲ་ཚང་དུ་གཞུང་ཆེན་པོ་ཏི་ལྔ་ཆ་བསྒོས་བྱས་པའི་འཛིན་གྲྭ་ཡོངས་རྫོགས་ལེགས་ཐོན་བྱུང་པས་མ་ཚད་ད་ལྟ་ལྷ་རམས་འཛིན་གྲྭ་ཐོན་ལ་ཉེ་བ་ཡོད། ཕྱི་ལོ་ ༢༠༠༧ ལོར་གྲྭ་ཚང་དུ་མི་མང་མདུན་བསྐྱོད་ཆེན་པོ་རྩ་འཛུགས་དང་དགེ་འདུན་ཞལ་གྲངས་ ༧༠༠ ལྷག་གི་སྣེ་ཁྲིད་དེ་ལྡི་ལིར་ལས་འགུལ་ལ་དངོས་སུ་ཞུགས། ཕྱི་ལོ་ ༢༠༠༨ ལོར་གདན་ས་ཆེན་པོ་འབྲས་སྤུངས་ནས་མངག་གཏོང་གནང་པ་ལྟར་དགེ་ལུགས་པའི་སྐུ་ཚབ་བྱས་ཏེ་དམིགས་བསལ་ཚོགས་ཆེན་ཐེངས་དང་པོར་ཞུགས། སྐབས་དེར་གཞིས་ལུས་བོད་མིའི་བདེ་སྡུག་དང་འབྲེལ་བའི་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ་བསམ་ཚུལ་སྣ་མང་བཏོན། ཕྱྀ་ལོ་༢༠༠༨ ལོར་འབྲས་གོ་བོ་ཁམས་ཚན་གྱིས་ཚོགས་འདུ་རྒྱས་འཛོམས་ཐོག་ནས་བསྐོས་གནང་བྱུང་བ་ལྟར་ཁམས་ཚན་གྱི་ཚོགས་ཁང་དང་གྲ་ཤག་གསར་རྒྱག་གི་འགན་ཁུར་གཙོ་བོར་བྱས་ཏེ་ཁམས་ཚན་གྱི་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་ཐུབ་པ་བྱུང༌། ཕྱི་ལོ་ ༢༠༡༠ ནས་སྐབས་བདུན་པའི་མོན་གྷོ་ས་གནས་གྲོས་ཚོགས་ཀྱི་དྲུང་གཞོན་དང་སྐབས་བརྒྱད་པ་དང་སྐབས་དགུ་པ་བཅས་ཀྱི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བྱས། དེ་བཞིན་མོན་གྷོན་སེར་སྐྱ་གཉིས་ཀྱིས་འོས་བསྡུའི་ལམ་ནས་གདམས་ཐོན་བྱུང་བ་ལྟར་ས་གནས་རང་བདེན་ཚོགས་ཆུང་སྐབས་བཅུ་བདུན་པ་དང་བཅོ་བརྒྱད་པ་གཉིས་ཀྱི་ཚོགས་གཙོ་བྱས། ལས་རྒྱུན་རིང་སྤྱིར་བོད་ཀྱི་རྩ་དོན་དང་བྱེ་བྲག་མོན་གྷོ་ལྷ་གསོལ་ནོར་བུ་རིའི་ལམ་ཆེན་གསར་བཟོས་གཙོས་པའི་མང་ཚོགས་ཀྱི་བདེ་སྡུག་དཀའ་ངལ་སྣ་མང་སེལ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༡ ལོ་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་བཅུ་དགུ་པ་དང་ད་ལྟའི་སྐབས་ཉི་ཤུ་པའི་དབུས་རྒྱུན་ལས་ཐོག་དང་དངུལ་གཉེར་གྱི་ལས་ཁུར་བྱེད་མུས་ཐོག་ལས་རྒྱུན་རིང་ཆུ་སྒང་དགེ་རྩ་ཚོགས་པ་གསར་འཛུགས་ཀྱི་ཚོགས་གཙོ་དང་རྡ་སའི་ཆུ་སྒང་དབུས་ཡན་ལག་ལས་ཁང་གསར་འཛུགས་དང་འབྲེལ་འགན་འཛིན་གྱི་ལས་ཁུར་ཀྱང་བྱས། ལས་ཁུར་དེ་དག་གི་རིང་སྤྱིར་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་ཀ་མང་པོའི་སྣེ་ཁྲིད་དང་བྱེ་བྲག་དུ་བོད་ཆོལ་ཁ་གསུམ་པོ་སྔར་ལྷག་མཐུན་ལམ་གཅིག་སྒྲིལ་ཡོང་ཐབས་དང་དམིགས་བསལ་ཁམས་རིགས་ནང་ཁུལ་དུ་ཡར་རྒྱས་བཏང་ཕྱོགས་སྐོར་ལ་ཡང་ལས་དོན་སྣ་མང་བསྒྲུབས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

 

མིང་། དགེ་བཤེས་སྨོན་ལམ་མཐར་ཕྱིན།

བོད་མདོ་ཁམས་ཁྱུང་པོ་སྟེང་ཆེན་དུ་སྐྱེས་ཞིང་ས་གནས་ཀྱི་སློབ་གྲྭར་འགྲིམས་པ་དང་། གཡུང་དྲུང་བོན་སྒོར་ཞུགས་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སོགས་ལ་ཐོས་བསམ་སློབ་གཉེར་དང་། ཉམས་ལེན་སྒོམ་སྒྲུབ་བྱས། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་ནས་བོན་གཞིས་ཐོབ་རྒྱལ་གསར་པར་གནས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དང་། བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ་བཅས་སུ་བོན་མདོ་སྔགས་སེམས་གསུམ་དང་། ཐུན་མོང་རིག་གནས་བཅས་པར་སློབ་སྦྱོང་བྱས་པ་དང་། ཁྲིད་ལུང་མན་ངག་དབང་གདམས་རྣམས་ཞུས། སྨན་རིའི་ཚོགས་ཆེན་དབུ་མཛད་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རིག་གནས་དགེ་རྒན་སོགས་ལས་སྣེ་དུ་མའི་འགན་ཁུར་བླངས་ཏེ་ཀུན་གྱི་མིག་དཔེ་འོས་པར་གྱུར། ༢༠༠༢ ལོར་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསླབ་པ་མཐར་སོན་རབ་འབྱམས་དགེ་བའི་ཤེས་གཉེན་གྱི་དམ་འཇོག་ཞུས།ལུགས་གཉིས་ཅི་རིགས་དང་འབྲེལ་བའི་རྩོམ་སྒྲིག་གི་ལས་ཁུར་དུ་མ་ཞུས་དང་ཞུ་བཞིན་པ་དང་། དམིགས་བསལ་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་ཕྱོགས་བསྒྲིགས་སྐབས་མ་དཔེ་བསྡུ་རུབ་དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་མཐའ་མའི་ཞུ་དག་གི་ཁུར་བླངས། གཞུང་ལུགས་དང་ལོ་རྒྱུས་ཉམས་ཞིབ་པ་ཁག་ཅིག་ལ་སློབ་སྟོན་དང་། མཁས་པའི་བགྲོ་གླེང་ཁག་འགར་མཉམ་ཞུགས། བོད་ཕྱི་ནང་གང་སའི་དུས་དེབ་དང་། དྲ་རྒྱ་ཁག་ཏུ་རྩོམ་ཡིག་སྤེལ། ༢༠༠༦ ལོར་སྐབས་ ༡༤ པའི་བོད་མི་མང་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ནས་རྒྱུན་ལས་ལོ་ ༥ དང་། ༢༠༡༡ ལོར་སྐབས་ ༡༥ པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ནས་རྒྱུན་ལས་ཡིན་མུས་ཐོག སྤྱི་འཐུས་ཀྱི་ལས་དུས་རིང་གྲོས་ཚོགས་ཁག་ལ་ཆད་མེད་བཅར་བ་དང་།སྐབས་བབ་ཀྱི་ལས་འགན་ཁག་ལ་དོ་ཁུར་ཆེ་བླངས་ཀྱིས་ལས་དོན་འཐུས་ཤོར་མེད་པར་བསྒྲུབས་དང་སྒྲུབ་མུས། གྲོས་ཚོགས་དང་རྒྱུན་ལས་ཀྱི་ཆེད་བཙུགས་ཚོགས་ཆུང་ཁག་མང་པོའི་ནང་ཞུགས་ཏེ་ཚོགས་གཙོ་དང་ཚོགས་དྲུང་སོགས་ཀྱི་ལས་ཁུར་བླངས།གཞན་ཡང་གཡུང་དྲུང་བོན་དང་འབྲེལ་བའི་གལ་ཆེའི་ལས་དོན་ཁག་ནང་མཉམ་ཞུགས་དང་སློབ་སྟོན་སོགས་ཞུས་དང་ཞུ་མུས་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་དབུས་རྒྱུན་འོས་འདེམས་སྐབས་གཉིས་རིང་འགན་ཁུར་བླངས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།

 

མིང་། བ་ར་ཚེ་དབང་བཀྲ་ཤིས།

ཕྱི་ལོ་ ༡༩༨༠ ཟླ་ ༦ ཚེས་ ༡༥ ཉིན་ཌོ་ལན་ཇི་བོན་གཞིས་ཐོབ་རྒྱལ་གསར་པར་སྐྱེས་ཤིང་།ཆུང་དུས་ནས་ཌོ་ལན་ཇི་བོན་གཞིས་ཉིན་སློབ་དང་། དེ་ནས་རིམ་བཞིན་སྤོན་ཊ་གཏན་སློབ་བཅས་སུ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༧ ལོར་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དྲུང་ནས་གཡུང་དྲུང་བོན་གྱི་ཨ་ཁྲིད་སྔོན་འགྲོ་འབུམ་དགུ་བསགས་སྦྱང་དང་འཕོ་ཁྲིད་གདམས་པ་སོགས་ཞུས་པ་མ་ཟད། གཡུང་དྲུང་བོན་གྱི་དགེ་བཤེས་མཁས་དབང་རྣམས་ཀྱི་དྲུང་ནས་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་སོགས་ཀྱི་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༡༢ ལོར་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གསོ་རིག་སྡེ་ཚན་གྱི་སྐབས་དང་པོའི་ཞང་བོད་གསོ་རིག་སྐུ་མཉེའི་སྐོར་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༤ བར་ས་གནས་གཞོན་ནུའི་དངུལ་གཉེར་དང་། ཕྱི་ལོ་ ༢༠༠༥ ནས་ ༢༠༡༣ བར་རྡན་བྷཏ་ས་གནས་བོད་མིའི་སུད་ཚོང་སྐྱིད་སྡུག་ཚོགས་པའི་དྲུང་ཆེ། ཕྱི་ལོ་ ༢༠༡༤ ནས་རྡན་བྷཏ་ས་གནས་བོད་མིའི་སུད་ཚོང་སྐྱིད་སྡུག་ཚོགས་པའི་ཚོགས་གཙོའི་ལས་ཁུར་ཞུ་བཞིན་ཡོད།  རང་ལོ་ཉེར་ལྔ་སོན་མཚམས་ཌོ་ལན་ཇི་བོན་གཞིས་ས་གནས་འཐུས་མིར་འོས་འདེམས་བྱུང་དོན་བཞིན། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་དངུལ་གཉེར་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་ཚོགས་མི། ཕྱི་ལོ་ ༢༠༡༢ ནས་ཚོགས་གཙོའི་ལས་ཁུར་ཞུ་བཞིན་ཡོད།  ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་བོན་གཞིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་། རྡན་བྷཏ་ས་གནས་བོད་མིའི་སུད་ཚོང་སྐྱིད་སྡུག་གི་དམིགས་བསལ་རང་བདེན་ཚོགས་ཆུང་གི་དྲུང་ཆེའི་ལས་ཁུར་ཞུས། ད་ལྟའི་ཆར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་ཆུང་གི་རྩིས་པ། བོད་ཀྱི་བོན་པོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། རྡན་བྷཏ་ས་གནས་བོད་མིའི་སུད་ཚོང་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་སོགས་ཀྱི་ལས་ཁུར་སྒྲུབ་མུས་བཅས་མདོར་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་དུ་མ་ཞུས་དང་ཞུ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས།

 

 

མིང་། དོན་གྲུབ་བཀྲ་ཤིས།

དབུས་གཙང་ཡིན་པའི་ཕ་སྲིད་མཐར་ཕུན་ཚོགས་དང་མ་གཡུ་མཚོ་སྒྲོལ་མ་གཉིས་ཀྱི་བུ་དོན་གྲུབ་བཀྲ་ཤིས། ཕྱི་ལོ་ ༡༩༧༡།༦།༣ ཉིན་ལ་དྭགས་སུ་སྐྱེས། ཤེས་ཚད། དཔལ་འབྱོར་རིག་པ་སློབ་དཔོན། (MA Economics) ཐོན། དགེ་རྒན་འོས་སྦྱོང་(B. Ed) ཐོན། གསར་འགོད་རིག་གནས། (PGD Journalism) ཐོན། ཉམས་མྱོང། ལོ་དྲུག་རིང་མི་མང་གིས་འོས་འདེམས་བྱུང་ནས་ལ་དྭགས་ས་གནས་འགོ་འཛིན་གྱི་ལས་འཁུར་ཞུས། ལོ་དྲུག་རིང་ས་གནས་འོས་བསྡུའི་འགན་འཛིན་གྱི་ལས་འཁུར་ཞུས། ལོ་གཉིས་དང་ཟླ་བ་བརྒྱད་རིང་ས་གནས་ཁྲིམས་ཞིབ་པའི་ལས་འཁུར་ཞུས། ལོ་བཅུ་བཞི་རིང་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ནང་དགེ་རྒན་གྱི་ལས་འཁུར་ཞུས། ལོ་གཉིས་རིང་ལམ་གྲོན་དཔེ་གསར་སློབ་གྲྭའི་ནང་དཔལ་འབྱོར་རིགས་པའི་སློབ་དཔོན་(Economic Lecturer) གྱི་ལས་འཁུར་ཞུས། གྲུབ་འབྲས་ཁག་གཅིག ཕྱི་ལོ་ ༢༠༡༠ ལོར་ལ་དྭགས་ལྷོ་བྱང་མི་མང་ནས་བརྒྱ་ཆ་ ༧༨།༠༠ གནང་ནས་ས་གནས་འགོ་འཛིན་གྱི་ལས་ཡུན་དང་པོའི་རྒྱལ་ཁ་ཐོབ་ཡོད། ཕྱི་ལོ་ ༢༠༡༣ ལོར་བསྐྱར་དུ་མི་མང་གི་འོས་བརྒྱ་ཆ་ ༩༥།༥ གནང་ནས་སྐབས་གཉིས་པའི་ས་གནས་འགོ་འཛིན་གྱི་ལས་ཡུན་ལོ་གསུམ་རིང་རྒྱལ་ཁ་ཐོབ་ཡོད། ཕྱི་ལོ་ ༢༠༡༤ ལོར་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་ཐེངས་ ༣༣ ལ་དྭགས་སུ་བསྩལ་སྐབས་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཚབ་ཞུས་ཏེ་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ལས་འགན་འཐུས་གཙང་ཞུས་འབྲས་སུ་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཞབས་སྤྱི་སྒྲུབ་ཐུབ་པ་བྱུང་ཡོད། དཔལ་ལྡན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནས་ལ་དྭགས་མི་མང་གིས་འོས་འདེམས་བྱས་པའི་ས་གནས་འགོ་འཛིན་དེ་བཞིན་འདེམས་གོ་ཆོད་པ་བྱུང་ཡོད་པ་དང་། དེ་ཡང་ནུས་པ་ཐོན་པའི་ཕྱག་ལས་གནང་ཐུབ་མཁན་ཡིན་པ་ང་ཚོ་ནང་སྲིད་ལྷན་ཁང་ཡང་བློ་བདེ་པོ་ཡོད་བཅས་མི་མང་ཚོགས་ཆེན་ནང་བཀའ་སློབ་ཕེབས་པ་བྱུང་སོང་། སྐབས་ ༡༦ པའི་སྔོན་འགྲོའི་སྤྱི་འཐུས་འོས་བསྡུའི་ནང་དབུས་གཙང་སྤྱི་འཐུས་ཀྱི་འོས་མི་རྩེ་བཏོག་བཞི་པར་མི་མང་གིས་བསྐྱལ། ཁྱོན་རང་རེའི་སྤྱི་ཚོགས་ནང་མི་ལོ་ ༢༢ རིང་ལས་རིགས་སྣ་ཚོགས་ཐོག་ཞབས་སྤྱི་ཞུས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།

 

མིང༌། སྒྲོལ་མ་ཚེ་རིང༌།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་རང་གཞུང་གི་བཀའ་དྲིན་ལས་གཞི་རིམ་སློབ་གྲྭ་དང་མཐོ་སློབ་ལེགས་ཐོན་རྗེས་དབྱིན་བོད་གཉིས་ཀྱི་ཐོག་དགེ་རྒན་འོས་སྦྱོང་འཐུས་གཙང་ཞུས་མཇུག་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀོ་ལེ་གྷལ་དོན་ལྡན་གླིང་སློབ་གྲྭ་དང་དེ་རྗེས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་བཅས་སུ་མ་འོངས་བོད་ཀྱི་སོན་རྩའི་ཤེས་ཡོན་གོང་འཕེལ་ཆེད་མི་ལོ་ ༢༦ འབད་བརྩོན་ཆེན་པོས་ཞབས་ཞུས་ལ་བརྟེན་བོད་གཞུང་ཤེས་རིག་ལས་ཁུངས་ནས་བྱས་རྗེས་གཟེངས་བསྟོད་ཕྱག་འཁྱེར་དང༌། ཐོན་མི་སམ་བྷོ་ཊའི་ཞལ་ཐང་བཅས་ཕྱག་རྟགས་གསོལ་སྩལ་བཀྲ་དྲིན་ཐོབ། དགེ་རྒན་གྱི་ལས་ཁུར་ཞུ་མུས་ཐོག་དོན་གླིང་ས་གནས་གཞོན་ནུའི་རྒྱུན་ལས་དང་རྡ་སྟེང་བོད་ཁྱིམ་ལས་བྱེད་བདེ་འཇགས་ཚོགས་ཆུང་གི་དྲུང་ཆེ། བོད་ཁྱིམ་དགེ་རྒན་འོས་སྦྱོང་སྐབས་དང་པོར་སྤྱི་ཚོགས་རིག་གནས་ཀྱི་སློབ་འཁྲིད། དེ་བཞིན་ཨ་རིའི་སློབ་ཡོན་ཁོངས་དམིགས་བསལ་སློབ་སྦྱོང་ཆེད་ལོ་གཅིག་ཨ་རིར་བསྐྱོད། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་རྒྱུན་ལས་སྐབས་དགུ་པ་དང་བཅུ་པའི་ཚོགས་གཙོའི་ལས་ཁུར་ཞུས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པ་དང་བཅུ་བཞི་པར་འདེམས་ཐོན་འགན་ཁུར་དང༌། དེ་བཞིན་ད་ལྟའི་ཆར་སྐབས་བཅོ་ལྔ་པའི་ལས་ཡུན་ནང་ལོ་གསུམ་སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཁུར་སྐབས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་གཙོས་ཚོགས་ཆུང་ཁག་གི་ཚོགས་མིར་བསྐོ་གཞག་གནང་བ་ལྟར་ལས་ཁུར་དང༌། སྤྱི་འཐུས་ས་བགོས་ཕྱོགས་བསྐྱོད་སྐབས་མང་ཚོགས་ཀྱི་བདེ་སྡུག་འབྲེལ་ཡོད་ས་གནས་མངའ་གཞུང་དང་བོད་མིའི་སྒྲིག་འཛུགས་ལ་ཞུ་སྒོ་ཁག་འཐུས་གཙང་ཞུས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།

 

མིང༌། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར།

ཕྱི་ལོ་ ༡༩༨༦ ལོའི་ཟླ་ ༤ ཚེས་ ༡༣ ཉིན་ཡབ་དམ་པ་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་དང་ཡུམ་ཕུན་ཚོགས་སྒྲོལ་དཀར་གཉིས་སུ་སྐྱེས། ཁོང་རྡ་སྟེང་བོད་ཁྱིམ་དང་གོ་པལ་པུར་བོད་ཁྱིམ་བཅས་ནས་གཞི་རིམ་དང་འབྲིང་རིམ་སྦྱང་འབྲས་རྩེ་གྲས་ཐོག་སློབ་མཐར་ཕྱིན། ལྡི་ལི་གཙུག་ལག་སློབ་ཆེན་དང་ལྡེ་ར་ལྡུན་གྷར་ལྦལ་གཙུག་ལག་སློབ་ཆེན་བཅས་ནས་དབྱིན་ཡིག་རྩོམ་རིག་གི་རིག་གནས་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་ཐོག་མཐོ་སློབ་རྒྱུགས་འབྲས་རྩེར་སོན་གྱིས་སློབ་མཐར་ཕྱིན། ལྡི་ལི་མཐོ་སློབ་ཏུ་ཡོད་སྐབས་རྒྱ་གར་གྱི་རྩ་ཁྲིམས་དགོངས་དོན་ལྟར་ལྡི་ལི་མཐོ་རིམ་ཁྲིམས་ཁང་དུ་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་དྲང་སྙོམས་མ་བྱས་པའི་ཁྲིམས་གཏུགས་བྱས་མཐར། ཁྲིམས་ཁང་ནས་ཁོང་མོའི་ཁྲིམས་གཏུགས་ལ་རྒྱལ་ཁ་ཐོབ་སྟེ་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་དགོས་པའི་བཀའ་རྒྱ་བཏང༌། ༢༠༡༢ ལོར་ཁོང་མོས་མཐོ་སློབ་གུང་སེང་དང་བསྟུན་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ྋགོང་ས་མཆོག་གི་ཞལ་སྔར་རྟེན་འབུལ་བསྔོ་སྨོན་ཞུས་ཏེ། རྡོ་རྗེ་གདན་ནས་འགོ་བཙུགས་ཏེ་རྒྱ་གར་དང་བལ་ཡུལ་ནང་གི་ནང་པའི་གནས་ཆེན་ཁག་ཏུ་ ༼བོད་ནང་ཞི་བདེ་དང་རང་དབང་གི་ཆེད་དད་པའི་གོམ་བགྲོད་༽ ཅེས་པའི་རྒྱང་བསྐྱོད་གོམ་བགྲོད་ལས་འགུལ་སྤེལ། མཐོ་སློབ་ཐོན་རྗེས་ལྡེ་ར་ལྡུན་དུ་རྒྱ་གར་མཐོ་སློབ་ཌེ་བྷེ་ཨེསི་མཐོ་སློབ་ཏུ་དབྱིན་ཡིག་རྩོམ་རིག་དགེ་རྒན་གནང༌། རྗེས་སུ་བོད་ཀྱི་རྩ་དོན་ཆེད་མཐོ་སློབ་དགེ་རྒན་གྱི་ལས་གནས་བཞག་སྟེ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སུ་བཙན་བྱོལ་བོད་ཀྱི་བུད་མེད་ཀྱི་ཁྲིམས་ལུགས་ནུས་སྟོབས་གོང་སྤེལ་སླད་ལས་གཞིའི་གཙོ་འགན་འབྲེལ་མཐུད་པའི་འགན་ཁུར་ཏེ། ལ་དྭགས་གཙོས་རྒྱ་གར་བྱང་ཤར་ལྷོ་དབུས་བོད་མིའི་གཞིས་ཆགས་ཁག་ ༡༦ ལྷག་ལ་སྐོར་བསྐྱོད་ཀྱིས་ཁྲིམས་ལུགས་ཟབ་སྦྱོང་སྤྲད། ཁོང་ནི་རང་ཚུགས་བརྟན་ཞིང༌། དཀའ་ངལ་ལ་གདོང་གཏུག་ཕོད་པ་མ་ཟད། དུས་རྒྱུན་དགོས་མཁོ་ཅན་ཚོར་རོགས་ཕན་གང་ཐུབ་དང༌། བོད་ཀྱི་རྩ་དོན་ཐད་ཁ་ཞེ་གཉིས་མེད་ཀྱིས་རང་འགན་ཁུར་དུ་ལེན་པའི་གཞོན་སྐྱེས་བུད་མེད་འཇོན་ཐང་ཅན་ཞིག་ལ་ངོས་འཛིན་ཐོག དགུ་བཅུ་གསུམ་གྱི་ཚོགས་ཆེན་ཐོག་སྐབས་དྲུག་པའི་རྒྱུན་ལས་ཚོགས་གཞོན་ལ་འོས་འདེམས་བྱུང་པ་ལྟར། ཁོང་མོས་ཨ་རིར་སློབ་སྦྱོང་དུ་འགྲོ་རྒྱུ་བློས་གཏོང་གིས་དེར་ཕྱག་ལས་གནང་མུས་ཡིན། ཚོགས་གཞོན་གྱི་ལས་ཁུར་ཞོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་དང༌། བཙོན་པའི་ལོ་རྒྱུས་བསྡུ་སྒྲིག་སོགས་གནང་བཞིན་པ་བཅས་ལོ་རྒྱུས་སྙིང་བསྡུས།

 

མིང༌། བསམ་གཏན་ཆོས་སྒྲོན།

གུས་མོ་ནི་ཆུང་དུས་སྦེལ་ཀོབ་གཏན་འཇགས་སློབ་གྲྭར་གཞི་རིམ་སློབ་སྦྱོང་བྱས། དེ་ནས་ ༡༩༩༢ ལོར་མའེ་སོར་ཊེ་རི་ཤན་མཐོ་སློབ་ཁང་ནས་ཚོང་རྩིས་ཚན་པའི་ཐོག་བསླབ་པ་མཐར་ཕྱིན་གྱིས་རབ་འབྱམས་པའི་ལག་འཁྱེར་ཐོབ། མཐོ་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་འཛིན་སྐྱོང་ཐད་ཉམས་མྱོང་བསགས་ཡོད། ཕྱི་ལོ་ ༡༩༩༠ ལོར་ཐོག་མར་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མིར་འཛུལ་ཞུགས་བྱས། ༡༩༩༣ དང་ ༡༩༩༤ ལོར་སྦེལ་ཀོབ་དཔལ་འབྱོར་ལས་ཁུངས་ཀྱི་རྩིས་པའི་ལས་རོགས་དང་དྲུང་ཡིག་གཅིག་ལྕོགས་བྱས། ༡༩༩༥ ནས་ ༡༩༩༧ བར་སྐབས་དེའི་བཙན་བྱོལ་བོད་གཞུང་གི་སྤྱི་ཁྱབ་རྩིས་ཞིབ་ཁང་གི་རྩིས་ཞིབ་པའི་ལས་འགན་འཁྱེར། ༡༩༩༨ ནས་ ༢༠༠༩ བར་སྦེལ་ཀོབ་ལུགས་བསམ་མཉམ་སྦྲེལ་གྱི་རྩིས་པ་དང་དེ་རྗེས་འགན་འཛིན་ལས་རོགས། དེ་རྗེས་གནས་རིམ་འཕར་བའི་འགན་འཛིན་གྱི་ལས་འཁུར་ཞུས། ༢༠༠༩ ནས་ ༢༠༡༥ བར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་སྔ་རྗེས་ཐེངས་གཉིས་བསྟུད་མར་དབུས་རྒྱུན་དུ་འོས་འདེམས་བྱུང་སྟེ་ཚོགས་གཙོ་གཞོན་པ་དང་རྩིས་ཁང་འགན་འཛིན། འཛིན་སྐྱོང་འགན་འཁུར་འཐུས་གཙང་ཞུས། གོང་གི་ལས་ཞོར་དུ་ ༡༩༩༤ ནས་ ༡༩༩༦ བར་སྦེལ་ཀོབ་སྤུ་ཧྲེང་བདེ་དོན་ཚོགས་པའི་ནང་དང་བླངས་ཐོག་དྲུང་ཆེ་དང་རྩིས་པའི་འགན་འཁུར་ཞུས། ༡༩༩༨ ལོར་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་རུ་དཔོན་འགན་འཁུར་འཐུས་གཙང་ཞུས། ༢༠༠༣ ནས་ ༢༠༠༦ བར་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ནང་རྩིས་པའི་འགན་འཁུར་ཞུས། ༢༠༠༦ ནས་ ༢༠༠༩ བར་བསྐྱར་དུ་འོས་བསྡུའི་ལམ་ནས་ལོ་གསུམ་རིང་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ནང་ཚོགས་གཙོའི་འགན་འཁུར་ཞུས། ༢༠༠༧ དང་ ༢༠༠༨ ལོར་སྦེལ་ཀོབ་སྟོད་པ་སྐྱིད་སྡུག་གི་རྒྱུན་ལས་འགན་འཁུར་ཞུས། ༢༠༠༨ ལོར་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྡ་ས་ནས་བོད་བར་གཞི་རྒྱ་ཆེ་བའི་བོད་བསྐྱོད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སྐབས་སྤྱི་ཁྱབ་རྩིས་པའི་ལས་འཁུར་ཞུས། གོང་དུ་ཞུས་པའི་ལོ་ཡུན་དེའི་ནང་གུས་མོས་མཐོ་དམན་འདྲ་མིན་གྱི་ལས་འཁུར་ཞུ་སྐབས་སྔོན་རྩིས་བཏང་འཛིན། འཛིན་སྐྱོང་བྱེད་ཕྱོགས་སོགས་ཀྱི་ཐོག་ཐབས་བྱུས་དང་ལག་བསྟར་གནང་ཕྱོགས་ཐད་ལ་ཉམས་མྱོང་ཆེན་པོ་ཐོབ་ཡོད། དེ་མ་ཟད་ས་གནས་འདྲ་མིན་གྱི་མི་མང་དཀྱུས་མ་དང་ལྷན་དུ་དངོས་སུ་འབྲེལ་གཏུགས་ཀྱིས་ཁོང་རྣམ་པའི་གནས་སྟངས་དང་དཀའ་ངལ་སེལ་ཐབས་དང་ལམ་སྟོན་རྒྱབ་སྐྱོར་གནང་ཕྱོགས་ཐད་ལ་དམིགས་བསལ་གྱི་ཉམས་མྱོང་ཆེན་པོ་བསགས་ཡོད། ཕྱིའི་ཡུལ་གྲུ་ཁག་ནང་སྤྱི་དོན་ཆེད་དུ་ཚོགས་འདུ་བཅར་རྒྱུའི་གོ་སྐབས་མང་པོ་བྱུང་ཡོད། གཞན་ཡང་བོད་དོན་ལས་འགུལ་སྤེལ་ཕྱོགས། ལས་རིགས་ཁག་ལ་སྦྱོང་བརྡར་དང་ཟབ་སྦྱོང་སྤྲོད་ཕྱོགས་ཐད་ལ་ཡང་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད། མདོར་ན་གུས་མོས་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་རིང་ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་བཀའ་དགོངས་འོག་སྤྱི་ཚོགས་ལ་སྨན་པའི་ཞབས་ཞུ་གང་ལེགས་ལྷག་བསམ་བརྟན་པོའི་ངང་བསྒྲུབས་ཐུབ་པ་བྱུང་བར་དགའ་སྤྲོ་དང་ཡིད་ཚིམས་བྱེད་བཞིན་ཡོད་ལ། འབྱུང་འགྱུར་ཡང་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་བ་ཡིན། སྔར་རྒྱུན་བཞིན་གོང་མ་རྣམས་ཀྱི་ལམ་སྟོན་བཀའ་དགོངས་སྙིང་བཅངས་ཐོག་ལྷག་བསམ་གཡོ་མེད་ཀྱི་སྤྱི་དོན་གང་ལེགས་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ལགས་ན། ཐེངས་འདིར་གུས་མོ་ལ་ཚོགས་སྐྱིད་ཁག་དང་སྤྱི་སྒེར་ངོ་ཤེས་དང་མི་མང་མང་དག་གི་རེ་འདུན་བཞིན་སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཨང་གྲངས་ ༡༡ སླེབས་འདུག་པས་བཀའ་དྲིན་ཆེ་དང་གུས་བརྩིས་ཐོག་ནས་བོད་སྤྱི་པའི་ལས་དོན་ཆེ་ཆུང་གང་ཡོད་ལྷག་བསམ་རྣམ་དག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། བཅས་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྡོད་བྱ་བཞིན་ཡོད།

 

མིང༌། ཟླ་བ་ཕུན་སྐྱིད།

སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་རྡ་ས་བོད་ཁྱིམ་དུ་དྭ་ཕྲུག་ཁོངས་སློབ་བཞེས་ཀྱིས་འཚར་ལོངས་བྱུང་ཞིང༌། སློབ་གྲྭའི་ནང་སྤྱི་ཁྱབ་རྒན་བདག་གི་འགན་འཁུར་འཐུས་ཚང་ཞུས་པ་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་བུ་རྩེ་ཕུད་ཀྱི་བྱ་དགའ་ཡང་སྩལ་ཐོབ་བྱུང༌། འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་མཐའ་མ་དེ་ལེགས་འཕྲོད་བྱུང་རྗེས་ Christian Medical College, Vellor St. John’s Medical College, Bangalore བཅས་མཐོ་སློབ་གཉིས་ནང་སྨན་ཁང་དང་འཕྲོད་བསྟེན་འཛིན་སྐྱོང་གི་རིག་གནས་ཐོག་སློབ་མཐར་ཐོན་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བཀའ་འབྲེལ་ལྟར་ ༡༩༨༧།༡།༡ ནས་བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་འབྲེལ་མཐུད་པ་དང༌། འཕྲོད་བསྟེན་ལས་ཁུངས་དབུས་མར་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱི་ལས་འཁུར་ཞུ་བཞིན་པའི་སྐབས། ཕྱི་ལོ་ ༡༩༩༤ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་དང༌། དེ་རྗེས་ ༢༠༠༦ ནས་བཟུང་སྨན་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་བཞིན་ལས་འཁུར་ཞུ་མུས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ནང་རྡ་ས་ས་གནས་གཞོན་ནུའི་ཚོགས་གཙོའི་ལས་འཁུར་སྐབས་གཉིས་དང༌། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་ཚོགས་གཞོན་གྱི་འགན་འཁུར་བཅས་སྤྱི་ཚོགས་ཞབས་ཞུའི་གོ་སྐབས་བྱུང་དོན་བཞིན་སྐབས་སོ་སོར་ལས་དོན་ངོ་ལྐོག་རྒྱབ་མདུན་མེད་པར་ཞུས། གཞན་ཡང་ Rotary Club ཞེས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་ལྷན་ཚོགས་མི་ཡིན་མུས་ཐོག་ཡུལ་མི་དང་བོད་མིའི་དབར་མཐུན་འབྲེལ་ལ་ཕན་པའི་ལས་འགུལ་ལན་མང་སྤེལ་དང་སྤེལ་མུས་ཡིན། གོང་གསལ་ལས་དོན་དང་འབྲེལ་བའི་ཐོག་ཨ་རི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཆེ་ཁག་མང་པོར་ཉམས་གསོག་དང་བསླབ་བྱ་ལེན་རེས་སོགས་ཀྱི་ཆེད་སྤྱི་སྒེར་གཉིས་ཐོག་ནས་ཕྱིར་བསྐྱོད་ཐེངས་མང་བྱས་དང་བྱེད་བཞིན་ཡོད་པས་ཕྱི་ནང་གཉིས་ཀྱི་གནས་སྟངས་ལེགས་ཉེས་གོ་རྟོགས་རྒྱ་ཆེ་ཡོད། དབུས་གཙང་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༣། པ་ ༡༤།༡༥།བཅས་སོ་སོར་འོས་འདེམས་ཀྱིས་ཐུགས་རེ་གནང་དོན་ལྟར་ཐོག་མར་ཇི་ལྟར་དམ་བཅའ་བླངས་པ་དེ་བཞིན་རང་ནུས་གང་ཐུབ་ཀྱིས་ལས་འགན་ཞུས་དང་ཞུ་བཞིན་པ་བཅས།།

 

མིང༌། ཟླ་བ་ཚེ་རིང་།

༡༩༦༣ ནས་ ༡༩༧༧ བར་ཌལ་ཧོར་དང་སིམ་ལ་གཏན་སློབ་ནང་བཅུ་དཔོན་དང་སྤྱི་པའི་རྒན་བདག་དང་ ཕྱི་ལོ་ ༡༩༧༧ ཟླ་ ༩ ནས་ ༡༩༨༣ བར་དབུ་གཞོན་ནུའི་ཡིག་ཚང་གི་གད་པ་དང་ཡིག་སྐྱེལ། ཕྱི་ལོ་ ༡༩༧༩ ནས་ ༡༩༨༦ བར་མེག་གྷན་གཞོན་ནུའི་རུ་དཔོན་དང་རྡ་ས་གཞོན་ནུའི་ས་གནས་རྒྱུན་ལས། ཕྱི་ལོ་ ༡༩༨༤ ལོར་ཡོངས་གླིང་སློབ་གྲྭ་དབུ་འཛུགས། ཕྱི་ལོ་ ༡༩༨༦ ནས་ ༡༩༩༢ བར་བོད་གཞུང་དབུས་སྨན་རྩིས་ཁང་རྡ་སྟེང་ཡན་ལག་སྨན་ཁང་གི་དངུལ་གཉེར་དང་རྩིེས་པ། ཕྱི་ལོ་ ༡༩༩༢ ནས་ ༢༠༠༡ བར་རྡ་ས་ས་གནས་འགོ་འཛིན༌། ཕྱི་ལོ་ ༡༩༩༤ ནས་༡༩༩༨ བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྒྲིག་འདོམ་དྲུང་ཆེ། ཕྱི་ལོ་ ༡༩༩༦ ལོར་སྤྱི་འཐུས་དང་རྡ་ས་ས་གནས་འགོ་འཛིན་གཉིས་སུ་འོས་འདེམས་བྱུང་ཡང་སྤྱི་འཐུས་ལས་འཁུར་བཞག་ནས་རྡ་ས་བདེ་དོན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༥ ལོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་སློབ་སྟོན་པའི་ལས་འཁུར། ཕྱི་ལོ་ ༡༩༩༦ ཕ་མའི་ཚོགས་ཆུང་དབུ་འཛུགས་དང་སློབ་ཕྲུག་བསྐྱེལ་རྒྱུའི་སྣུམ་འཁོར་འཁོ་སྒྲུབ་ཞུས། ཕྱི་ལོ་ ༢༠༠༡ ལོར་གུ་ཇུ་རཌ་མངའ་སྡེར་ས་ཡོམ་བྱུང་སྐབས་བཀའ་འབྲེལ་བཞིན་ས་ཡོམ་ངལ་སྐྱོབ་དྭང་བླངས་པའི་འགོ་འཁྲིད་ཟླ་བ་ ༦ རིང་ཞུས། ཕྱི་ལོ་ ༢༠༠༥ ནས་ ༢༠༡༢ བར་འདམ་ག་ཚོགས་པའི་ཚོགས་གཙོ། ཕྱི་ལོ་ ༢༠༠༡ ནས་ ༢༠༠༦ བར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོའི་ཐད་བསྐོས་སྤྱི་འཐུས་སུ་བསྐོ་སྩལ་བཀྲིན༢༠༠༦ ནས་ ༢༠༡༡ དང་ ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་དབུས་གཙང་རྒྱ་ཆེ་མི་མང་ནས་སྤྱི་འཐུས་སུ་འོས་འདེམས་བྱུང་བ་བཞིན་མང་ཚོགས་ཀྱི་མངོན་འདོད་དང་ཚོགས་གཙོ་སྦྲེལ་པོའི་བཀོད་མངགས་གང་གནང་ལྟར་འགན་འཁུར་ཞུས་ཡོད། ཕྱི་ལོ་ ༢༠༠༢ ནས་ ༢༠༠༤ བར་གཞོན་སྐྱེས་ཚོར་རྒྱལ་ཞེན་གྱི་ལས་འགུལ་སྤེལ། ༢༠༠༣ ལོ་ནས་བཙུན་མ་ཚོར་ལོ་དང་ཤེས་ཚད་གནས་བབས་ཀྱི་བཙུན་དགོན་སྒྲིག་འཛུགས་གང་དུའང་མ་ཚུད་པ་རྣམས་བདག་སྐྱོང་བྱེད་ཆེད་བཙུན་དགོན་བསམ་གཏན་ཆོས་གླིང་བཙུགས། ༢༠༠༣ ལོར་བོད་རིགས་ལས་མེད་ཚོགས་པ་བཙུགས་པ་དང། ༢༠༠༥ ལོར་རྡ་སར་ནང་ཆོས་ངོ་སྤྲོད་ཚོགས་ཆུང་འགོ་འཛུགས་དང༌། ༢༠༠༥ སྒྲོལ་མ་ཤེལ་ཕྲེང་བཟོ་ལས་ཁང་འགོ་འཛུགས་ཀྱི་ད་ལྟ་བར་ཆོལ་གསུམ་བོད་རིགས་གསར་འབྱོར་དང་ལས་མེད། ཉལ་ཐག་ཆང་རག་ངན་གོམས་ཀྱི་ནད་པ་བཅས་བོད་མི་བརྒྱ་སྐོར་ལྷག་ལ་ལས་ཀ་སྤྲོད་ཐུབ་པ་བྱུང༌། ༢༠༠༨ ལོར་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་འགོ་འཛུགས་དང། ༢༠༠༠ ནས་ ༢༠༡༢ བར་ཀུན་ཕན་ལས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་དང༌། ༢༠༡༣ ལོ་ནས་ངེས་སྟོན་པའི་འགན་འཁུར་ཞུ་མུས། ༢༠༡༡ ལོར་ཨིག་ནོ་མཐོ་སློབ་ཡན་ལག་འགོ་འཛུགས་ཀྱི་ཧིན་བོད་སློབ་མ་ ༢༠༠ ལྷག་སློབ་སྦྱོང་གནང་མུས༌། ༡༩༩༢ ནས་ ༢༠༡༥ བར་བོད་རིགས་གཞོན་སྐྱེས་ཕོ་མོ་བདག་མེད་དང་ཉལ་ཐག་དང་ཆང་རག་ངན་གོམས་ནད་པ་གཙོས་བོད་མི་དཀའ་ངལ་ཅན་ ༢༥ ལྷག་ལ་བདག་སྐྱོང་ཞུས། མདོ་དོན་མི་ལོ་ ༣༩ ཙམ་རིང་བདག་གི་དྲིན་ཆེན་རྩ་བའི་བླ་མ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཞབས་འོག་ཏུ་བཀའ་དགོངས་འགལ་མེད་རང་ནུས་གང་ཐུབ་ཀྱི་སྤྱི་ཚོགས་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་སྐལ་བཟང་ཐོབ་པའི་ལོ་རྒྱུས་སྙིང་བསྡུས་སོ།།

 

མིང༌། མི་འགྱུར་རྡོ་རྗེ།

ཕྱི་ལོ་ ༡༩༥༣ ལོར་སྟོད་མངའ་རིས་མཐོ་ལྡིང་གླིང་པ་གྲོང་ཆེན་གྱི་མི་བརྒྱུད་དུ་སྐྱེས། ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་དུ་འབྱོར་རྗེས་རྡོར་གླིང་བོད་གཞུང་སློབ་གྲྭ་ནས་གཞི་རིམ་སློབ་གྲྭ་ཐོན། ཕྱི་ལོ་༡༩༧༥ ལོར་རྡོར་གླིང་ St. Joseph མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཚོང་འབྲེལ་རིག་པའི་སློབ་སྦྱོང་ (B.Com) ཐོན། གཞུང་ཞབས་ཡིན་མུས་སུ་ཨ་རི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ (State University of New York) ནང་འཛིན་སྐྱོང་རིག་པའི་སློབ་སྦྱོང་བྱས། དེ་བཞིན་ལྡི་ལིར་ཡོད་པ་རྒྱ་གར་གཞུང་གི་འཛིན་སྐྱོང་རིག་པའི་ལྟེ་གནས་ (Indian Institute of Public Administration) དུ་འཛིན་སྐྱོང་དང་འབྲེལ་བའི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ། ཕྱི་ལོ་ ༡༩༧༦ ལོར་དགའ་ལྡན་ཕོ་བྲང་མང་གཙོའི་གཞུང་གི་གཞུང་ཞབས་སུ་འཛུལ་ཞུགས་རྗེས་སྦེལ་ཀོབ་ལུགས་བསམ་གཞིས་ལས་ཁང་གི་དབྱིན་དྲུང༌། སྐབས་དེར་ ཕྱི་ལོ་ ༡༩༧༨ ནས་ ༡༩༨༡ བར་ཞོར་དུ་ལྷོ་གཞིས་ཁག་ལྔའི་རང་བདེན་དང་གཞོན་ནུའི་ཆབ་སྲིད་ལས་འགུལ་གྱི་སྤྱི་ཁྱབ་དྲུང་ཆེའི་ལས་འགན་ཞུས། ཕྱི་ལོ་ ༡༩༨༡ ནས་ ༡༩༨༦ ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ལ་དྭགས་ལྷོ་བྱང་གི་སྤྱི་ཁྱབ་ལས་འགན། ཕྱི་ལོ་ ༡༩༨༦ ནས་ ༡༩༩༡ ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ། ཕྱི་ལོ་ ༡༩༩༡ ནས་ ༡༩༩༤ ྋགོང་ས་ྋསྐྱབས་མགོན་ཆེན་པོར་འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་ལྡི་ལི་སྐུ་ཚབ་དོན་གཅོད། ཕྱི་ལོ་ ༡༩༩༤ ནས་ ༡༩༩༧ བཀའ་ཤག་གི་ཆབ་སྲིད་དྲུང་ཆེ། ཕྱི་ལོ་ ༡༩༩༧ ནས་ ༢༠༠༢ འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་ཨིན་ལན་སྐུ་ཚབ་དོན་གཅོད། ཕྱི་ལོ་ ༢༠༠༢ ནས་ ༢༠༠༥ སྦེལ་འཇེའམ་དོན་ཁང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་གཞོན་པའི་འགན་འཁུར། ཕྱི་ལོ་ ༢༠༠༥ ནས་ ༢༠༡༡ འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་བཀའ་ཤག་སྐབས་ ༡༢ དང༌། ༡༣ པའི་བཀའ་དྲུང༌། ༼དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དགའ་ལྡན་ཕོ་བྲང་པ་ཆེན་པོའི་གཞུང་གི་བཀའ་དྲུང་མཐའ་མ་དེ་ཡང་ཆགས་ཡོད།༽ ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དང༌། ལས་བྱེད་འདེམས་ལྷན་དྲུང་ཆེ་བཅས་མི་ཚེའི་དྭངས་མ་ལོ་ངོ་ ༣༩ གཞུང་དང་མི་མང་གི་ཞབས་འདེབས་ལྷག་བསམ་རྣམ་དག་ཞུས་པའི་ལོ་རྒྱུས་སྙིང་བསྡུས་སུ།

 

མིང་། བསྟན་འཛིན་འཇམ་དབྱངས།

ཕ་དམ་པ་སྙན་གྲགས་དང་མ་པདྨ་སྒྲོལ་མ་གཉིས་སུ་དྷ་རམ་ས་ལར་སྐྱེས་ཤིང།གཞི་རིམ་སློབ་གྲྭ་བོད་ཕྲུག་ཁྱིམ་སྡེ་ནས་སློབ་ཐར་སོན་རྗེས་ཕྱི་ལོ་༢༠༠༡ནས་༢༠༠༤བར་པན་ཇབ་གཙུག་ལག་སློབ་གཉེར་ཁང་(Punjab University)ནས་ཚན་རིག་(B.Sc.)དང་༢༠༠༥ནས་༢༠༠༦བར་ཇ་མུ་གཙུག་ལག་སློེབ་གཉེར་ཁང་ (University of Jammu) ནས་ཤེས་ཡོན་(B.Ed)ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཐོབ།༢༠༠༧་ཟླ་བ་༣པའི་ནང་ཇམ་མུ་་སློབ་གྲྭའི་ནང་སློབ་མ་རྩེ་ཕུད་(Best Student)ཀྱི་གཟེངས་རྟགས་ཐོབ། དེ་ནས་དྷ་ས་བོད་ཕྲུག་ཁྱིམ་སྡེ་རུ་ཚན་རིག་སློབ་དགེ་༢༠༠༧ནས་༢༠༡༢བར་འགན་འཁུར་བྱས་ནས་ལོ་ངོ་དྲུག་ཞབས་འདེགས་ཞུས་རིང་འཕྲོད་བསྟེན་དང་ཁོར་ཡུག་ཚོགས་ཆུང་གི་ཚོགས་གཙོ།ཚན་རིག་ཚོགས་ཆུང་གི་ཚོགས་གཙོ།སློབ་གྲྭའི་ནང་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་འགན་འཁུར་ནུས་ལྡན་ཐོག་ཞབས་འདེགས་ཞུས་ཡོད།

ཕྱི་ལོ་༢༠༡༢ལོར་ཨ་རི་ཕྱི་སྲིད་ལྷན་ཁང་ཀྱི་ཆེས་མཐོའི་སློབ་ཡོན་(Tibetan Fulbright Scholarship)ཐོབ་ནས་༢༠༡༣ནས་༢༠༡༥བར་ཨ་རིའི་གཙུག་ལག་སློེབ་གཉེར་ཁང་(University of San Francisco)ནས་ཁོར་ཡུག་བསླབ་གཞིའི་ཚན་རིག་སློབ་དཔོན་གྱི་(MSc.Environmental Management)ལག་འཁྱེར་ཐོབ།༢༠༠༩ནས་ད་བར་ཡོ་རོབ་ནང་གི་འཁོར་ཡུག་ཚོགས་པ་མ་ཡི་ཁེལ་མེཌ་(My Climate)འབྲེལ་མཐུད་པའི་འགན་འཁུར་བཞིན་ཡོད་པ་དང་དམིགས་གསལ་གྱི་བོད་ཕྲུག་དང་ཕྱི་རྒྱལ་གཞོན་སྐྱེས་སློབ་ཕྲུག་དབར་འབྲེལ་མཐུད་ཀྱི་ལས་གཞི་ Hot stuff climate net སྤེལ་བཞིན་ཡོད་པ་རེད།༢༠༡༤ནས་༢༠༡༥བར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དང་(Alliance to Save Energy)ཚོགས་པའི་ལས་གཞི་ནང་ཆུ་དང་ནུས་ཤུགས་ཀྱི་རྩིས་ཞིབ་མཁན་ (Water and Energy auditor)གནང།

༢༠༡༤ ལོར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ནང་བོད་ཀྱི་གྲོགས་པོ་(Friends of Tibet)ཞེས་པའི་ཚོགས་མི་ཁོང་རང་ཉིད་བརྩིས་པའི་རྒྱ་ནག(China)ཨི་ཐོ་པི་ཡ།(Ethiopia)ཨི་རན།(Iran)མེཀ་སི་ཁོ།(Mexico)ན་ཡི་ཇེ་རི་ཡ།(Nigeria)ཕེ་ལི་པིན།(Philippine)ཨ་རི་(United States)བཅས་ཁྱོན་བསྡོམས་སློབ་ཕྲུག་བཅོ་ལྔ་ཡོད་པའི་ཚོགས་ཆུང་གསར་འཛུགས།༢༠༡༥་ཟླ་བ་༥པའིཚེས་༡༨ཉིན་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ནས་དྲང་བདེན་དང་སློབ་ཐོན་ཁྱད་དུ་འཕགས་པ་དང་འགོ་ཁྲིད་ཀྱི་གཟེངས་རྟགས་བསྒྱུར་བཅོས་མཁན་(University of San Francisco Graduate Change Maker Award) ཐོབ། མདོར་ན་བསྟན་འཛིན་འཇམ་དབྱངས་ནི་དྲང་བདེན་དང་དཀའ་ངལ་ལ་གདོང་ལེན་ཕོད་པ། ཡིད་ཆེས་བློ་འགེལ་ཆོག་པའི་ལྷག་བསམ་ཤེས་འཇོན་གསུམ་ལྡན་གྱི་བོད་མི་གཞོན་སྐྱེས་ཤིག་རང་རེའི་སྤྱི་མཐུས་ནང་སླེབས་རྒྱུར་རྒྱབ་སྐྱོར་ཡོང་བར་སྨོན།

མིང་། རྣམ་རྒྱལ་ཁྱུ་གསར།

ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༢ ཉིན་འཁྲུངས་ཤིང་། བོད་གཞུང་གཏན་ཉིན་སློབ་གྲྭ་ཁག་ནས་གཞི་རིམ་སློབ་གྲྭ་ཐོན་རྗེས། ཕྱི་ལོ་ ༡༩༨༧ ལོར་རྡ་ས་སྨན་རྩིས་མཐོ་སློབ་ཁང་ནས་སྨན་པ་དཀའ་བཅུ་པ་དང་། ཕྱི་ལོ་ ༡༩༩༧ ལོར་སྨན་པ་རབ་འབྱམས་པའི་ལག་ཁྱེར་ཐོབ། ཕྱི་ལོ་ ༡༩༨༧ ནས་ ༡༩༩༩ བར་ལོ་ ༡༢ རིང་སྨན་རྩིས་ཁང་དུ་ཐོག་མར་ཉམས་ཞིབ་པ་དང་། ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གཞོན་པ་བྱས་རིང་ཤ་གསོས་དང་སྨན་ཇ་སོགས་གསོ་རིག་ཐོན་སྐྱེད་རིགས་དང་ནད་བཅོས་ཉམས་ཞིབ་ཀྱི་ལས་གཞི་ཁག་གསར་གཏོད་དང་སྨན་རྩིས་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས། ཕྱི་ལོ་ ༡༩༩༧ ལོར་བོད་ལུགས་གསོ་བ་རིག་པའི་ཟས་སྤྱོད་ལམ་སྟོན་གྱི་དེབ་ཅིག་ཕ་རན་སི་སྐད་ཡིག་ཐོག་བྲིས། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་འོག “Where there is No Doctor” ཞེས་པ་དང་། “Handbook of Mental Health” ཅེས་པའི་དེབ་གཉིས་ཨིག་ཡིག་ནས་བོད་ཡིག་ཐོག་ཕབ་བསྒྱུར་ཞུས། ཕྱི་ལོ་ ༢༠༠༡ ལོར་རྡ་སར་སྒེར་གྱི་སྨན་ཁང་གསར་འཛུགས་བྱས་པ་ནས་བཟུང་ཕྱི་ནང་གི་ནད་པ་མང་པོར་གསོ་བཅོས་དང་ཉམ་ཐག་རྣམས་ལ་སྨན་སྦྱིན་འབུལ་བཞིན་པ་དང་། དེ་བཞིན་ནོར་གླིང་མཐོ་སློབ་ཁང་དུ་བོད་ཀྱི་གསོ་རིག་དགེ་རྒན་བྱེད་མུས་དང་། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་ལོ་གསུམ་རིང་སྐབས་དང་པོའི་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེ་གནང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ལོ་གཉིས་རིང་འཇར་མ་ནི་ས་ཁུལ་ཀྲུ་སྦིན་གྷེན་གཙུག་ལག་སློབ་གྲྭ་ (Tubingen University Hospital) ཞེས་པའི་སྨན་ཁང་དུ་ཕྱི་ལུགས་སྨན་གྱི་ཉམས་ཞིབ་སྨན་པ་ཁག་ཅིག་དང་ཟུང་འབྲེལ་ཐོག་སྙིང་གཟེར་ནད་པ་ ༥༢༤ ལ་བོད་ལུགས་དང་ནུབ་ལུགས་ཟས་སྤྱོད་ཀྱི་མཚུངས་བསྡུར་ཉམས་ཞིབ་བྱས་པར་བོད་ལུགས་ཟས་སྤྱོད་བསྟེན་མཁན་ནད་པ་རྣམས་ལ་ཕན་འབྲས་ཆེ་བ་བྱུང་རྗེས་ཕྱི་ལོ་ ༢༠༡༣ ལོར་རྒྱལ་སྤྱིའི་སྙིང་ཁམས་ཚན་རིག་གི་དུས་དེབ་ (International Journal of Cardiology) ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་སྙན་ཐོ་ཐོན་ཡོད་པ་དང་། དེང་སྐབས་བོད་སྨན་ཐོག་ཞིབ་འཇུག་གི་ལས་འཆར་གསར་པ་ཁག་གི་འཆར་འགོད་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༨༧ ལོ་ནས་ད་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༩ ནང་རྒྱལ་སྤྱིའི་སྨན་དང་། ཨེ་ཤི་ཡའི་སྨན་གྱི་ཚོགས་ཆེན་སོགས་ལ་བཅར་ཏེ་བོད་ཀྱི་གསོ་རིག་སྐོར་གཏམ་བཤད་དང་དཔྱད་རྩོམ་རིགས་སྤེལ་ཡོད་པ་མ་ཟད། བོད་ལུགས་སྨན་པ་དང་། ཕྱི་ནང་གི་དོན་གཉེར་ཅན་མངཔོར་བོད་ཀྱི་གསོ་བ་རིག་པའི་སྐོར་ཟབ་སྦྱོང་ལན་མང་ཕུལ་མྱོང་ཡོད་པ་དང་། བོད་ཀྱི་གསོ་རིག་དང་འབྲེལ་བའི་བྱ་དགའ་དང་ཉམས་མྱོང་ཕྱག་ཁྱེར་མང་པོ་ཐོབ་མྱོང་ཡོད། གཞན་ཡང་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭའི་ལྔ་བཅུའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གནང་ཡོད་པ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་འདྲ་མིན་ནང་མཉམ་ཞུགས་བྱས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།

 

མིང༌། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།

རང་ལོ་ ༤༣ ཕ་ཡུལ་སྡེ་དགེ སྡོད་གནས་སྦིར་ཅོན་ཏ་ར། གུས་མོར་མདོ་སྟོད་སེར་སྐྱ་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་སྐབས་བཅུ་གསུམ་པ་དང༌། བཅུ་བཞི་པ། བཅོ་ལྔ་བཅས་ཀྱི་བོད་མི་མང་མདོ་སྟོད་སྤྱི་འཐུས་ཀྱི་འགན་འཁུར་བླངས་ཏེ་སྤྱི་འཐུས་གྲོས་ཚོགས་སུ་ཞུགས་ནས་གཙོ་བོ་ྋགོང་ས་མཆོག་གི་བཀའ་དགོངས་སྤྱི་དང༌། ཡང་སྒོས་མང་གཙོ་ཡང་དག་གི་བཅའ་ཁྲིམས་འོག་གི་ཁྲིམས་སྒྲིག་གཏན་འབེབས་གནང་བའི་དགོངས་དོན་འགལ་མེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་ཕུལ་བ་བཞིན་འཇིགས་ཞུམ་ཆགས་སྡང་འཛེམས་ཟོན་ངོ་སྲུང་སྤང་བའི་འཁུར་ལེན་གང་ཐུབ་ཅི་ཐུབ་ཞུས་ཁར། སྤྱི་འཐུས་རྣམས་ཡོང་ཁུངས་རྣམ་པ་མི་འདྲ་ནའང་གྲོས་ཚོགས་སུ་སླེབས་རྗེས་བོད་སྤྱི་པའི་འགན་འཁུར་ལེན་དགོས་པ་ལྟར། ལས་དོན་ཐམས་ཅད་གང་ཟག་གི་དབང་བསྒྱུར་ལས་གྲོལ་སྟེ། ཁྲིམས་ལུགས་ཁོ་ནའི་དབང་བསྒྱུར་འོག་བསྐྱོད་ཐབས་ཐོག བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་ཐོབ་ཐང་དོན་ལྡན་འགྱུར་བའི་སྒོ་ནས་གཞིས་བྱེས་མཉམ་འཛོམས་ཡོང་རེ། དེའི་ཕྱིར་དུ་བོད་མིའི་སྒྲིག་འཛུགས་གཞུང་མང་འགོ་འོག་ཚུད་ཀྱི་ནུས་པ་གཅིག་འདུས་ཐོག བོད་མི་ཚང་མས་སྒྲུབ་བྱ་དངོས་ངོས་འཛིན་སྤྱི་མཚུངས་གསལ་པོ་དང་བརྟན་པོ། སྒྲུབ་བྱེད་ཐབས་ལམ་ཡང་རྩ་དོན་ཡོད་ལ་ངོས་འཛིན་གཅིག་གྱུར་ཐོག་གཞན་ཟེར་རྗེས་འབྲང་མ་ཡིན་པར་ནང་ཁུལ་གཅིག་མཐུན་དགོས་གནད་ཆེ་བ་བཅས་ངོས་འཛིན་གྱིས་ད་བར་གྱི་ཉམས་མྱོང་ལ་བརྟེན་འབད་བརྩོན་ཞུ་སེམས་ཡོད་ལགས་ན། མདོ་སྟོད་རྒྱ་ཆེའི་སེར་སྐྱ་མང་ཚོགས་ནས་སྐབས་ ༡༦ པའི་མདོ་སྟོད་སྤྱི་འཐུས་སྔོན་འགྲོའི་འོས་ཁོངས་སུ་སྔར་བཞིན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

 

མིང༌། དབྱངས་ཅན་སྒྲོལ་དཀར།

ཕྲན་རྒྱ་གར་ནང་སྐྱེས་ཤིང་སློབ་སྦྱོང་རིམ་པར་བྱས་ཏེ་མཐར་ཚན་རིག་གཙུག་ལག་རབ་འབྱམས་པ་ (M.Sc. Biotech) མཐར་སོན། ཕྱི་ལོ་ ༢༠༠༧ ནས་ ༢༠༡༠ བར་ཤིས་ལོངས་ས་གནས་གཞོན་ནུ་དང་ས་གནས་ཆུ་སྒང་གཉིས་ཀྱི་དྲུང་ཆེའི་འགན་འཁུར་ཞུས་རིང་བོད་དོན་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྣེ་མང་སྤེལ་བ་མ་ཟད། ྋདཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ཤིས་ལོངས་སུ་གདན་ཞུའི་འགན་འཁུར་གཙོ་བོ་བླངས། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཛ་དྲག་གི་གནས་ཚུལ་ཐོན་སྐབས་རྒྱ་གར་བྱང་ཤར་ས་གཞོན་ཐུན་མོང་གི་གོ་སྒྲིག་ཞུས་པའི་འབྲས་ལྗོངས་དང་བོད་ཀྱི་ས་མཚམས་བར་གྱི་ཞི་བའི་གོམ་བགྲོད་གོ་སྒྲིག་ཚོགས་ཆུང་ནང་འགན་འཁུར་གཙོ་བོ་བླངས་པ་ བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་སྒོ་ཧ་ཊི་རུ་སྤེལ་བའི་ལས་འགུལ་སྐབས་ཚོགས་ཆུང་ལ་མཐུན་འགྱུར་ཞུས།

ཕྱི་ལོ་ ༢༠༠༩ ནས་རྒྱ་གར་མེ་གྷ་ལ་ཡའི་གྲངས་ཉུང་མི་རིགས་བལྟ་རྟོག་ལས་གཞིའི་ཟུང་དྲུང་གི་ལས་འགན་འཁུར། ཤིས་ལོངས་ས་གནས་དགའ་ལྡན་དགོན་པ་ཉམས་གསོ་དང༌། སམ་བྷོ་ཊ་སློབ་གྲྭའི་འཐུང་ཆུའི་དཀའ་སེལ་ཐུབ་པ་བྱུང་ཡོད། གཞན་ཡང་གནས་མཆོག་རྡོ་རྗེ་གདན་དང་ཝཱ་ར་ཎ་སི་བཅས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་བསྩལ་སྐབས་གཞོན་ནུའི་གསལ་བསྒྲགས་ཁང་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ལའང་ཞུགས་མྱོང་ཡོད།

ཕྱི་ལོ་ ༢༠༡༡ ལོར་སྐབས་ ༡༥ པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་སུ་འོས་འདེམས་བྱུང༌། སྤྱི་འཐུས་ཀྱི་དུས་ཡུན་རིང་གྲོས་ཚོགས་ཀྱི་འཆར་ཅན་ལས་དོན་ཁག་བསྒྲུབས་ཡོད་པ་མ་ཟད། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་དང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ནང་མཉམ་ཞུགས་བྱས། བོད་མི་གནས་ཡུལ་ཁག་ཏུ་ཆེད་བསྐྱོད་ཀྱིས་མང་ཚོགས་ཀྱི་བདེ་སྡུག་འབྲེལ་ཡོད་ལ་སྙན་གསེང་ཞུས་ཡོད། ལྷག་པར་བོད་ནང་གི་ཛ་དྲག་གནས་ཚུལ་ཁག་རྒྱལ་སྤྱི་དང༌། རྒྱ་གར་ནང་ཞུ་གཏུགས་ཆེད་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་མང་དང༌། རྒྱ་གར་བྱང་ཤར་མངའ་སྡེ་ཁག་ཏུ་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་བྱས་པ་དང་ཕྱི་ཡི་རྒྱལ་ཁབ་ཁག་ལའང་བསྐྱོད་མྱོང་ཡོད། དེ་བཞིན་ཡན་ལག་ཁག་ ༥༠༠ ལྷག་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཡེ་ཤུའི་ཚོགས་པའི་ (NCCI) ཚོགས་ཆེན་ནང་བཅར་ཏེ་བོད་དོན་སྐོར་ངོ་སྤྲོད་ཞུས་ཡོད།

ཕྱི་ལོ་ ༢༠༡༣ ལོ་ནས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་དང་ཚོགས་པ་དེབ་སྐྱེལ་སོགས་ལས་དོན་ཞུ་སྒོ་མཐའ་དག་ཞུ་བཞིན་ཡོད། ལྷག་པར་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་བྱང་ཤར་གྷོ་ཧ་ཊི་རུ་གཞུང་གྲོན་རྩ་བ་ནས་མེད་པར་བོད་ཀྱི་དུས་སྟོན་ཉིན་ལྔའི་རིང་སྲུང་བརྩི་ཞུ་སྐབས་གོ་སྒྲིག་ཚོགས་ཆུང་ནང་མཉམ་ཞུགས་བྱས། སྐབས་དེར་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། དེ་བཞིན་ཤིས་ལོངས་སུ་ྋགོང་ས་མཆོག་གི་དབུ་བཞུགས་ཐོག་རིས་མེད་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད། དེ་རྗེས་རྒྱ་གར་གྲོང་ཁྱེར་མུམ་བྷེ་རུ་བོད་ཀྱི་དུས་སྟོན་སྐབས་དང་བླངས་ཐོག་འགན་འཁུར་བླངས་ཏེ་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། མདོར་ན། བོད་ཀྱི་རྩ་དོན་སྤྱི་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཞུ་སྒོ་ཁག་སྔར་ལྷག་མུ་མཐུད་ཞུ་རྒྱུ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

 

 

མིང༌། གསེར་རྟ་ཚུལ་ཁྲིམས།

ཁམས་གསེར་རྟ་རུ་སྐྱེས་ཤིང༌། བོད་ཀྱི་ཐུན་མོང་དང༌། ཐུན་མིན་གྱི་རིག་པའི་གནས་ལ་སྦྱང་བརྩོན་བྱས། ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་དུ་ཡོང་ནས་ཟླ་ཤས་རིང་གསོག་སློབ་ཏུ་སློབ་སྦྱོང་དང༌། དེའི་རྗེས་སུ་བོད་གཞུང་ཆོས་རིག་ལས་ཁུངས་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྩོམ་སྒྲིག་ཞིབ་འཇུག་གི་ལས་ཀ་བྱས། ཕྱི་ལོ་༢༠༠༣ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་ཀྱིས་ད་བར་སྲི་ཞུ་ཁང་འདིའི་འགན་འཛིན་དང༌། བདུན་རེའི་གསར་ཤོག་<<བོད་ཀྱི་བང་ཆེན་>>དང། བོད་ཀྱི་བང་ཆེན་དྲ་རྒྱ་སོགས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་ཁུར་ལེན་བཞིན་པ་མ་ཟད། དཔེ་དེབ་གང་མང་ཞིག་ཀྱང་རྩོམ་སྒྲིག་འགྲེམས་སྤེལ་ཞུས། དུས་རྒྱུན་བོད་ནང་གི་བོད་མི་གནད་ཡོད་གང་མང་ཞིག་དང་འབྲེལ་ལམ་གྱི་ཐོག་ནས་བོད་ནང་གི་གནས་ཚུལ་ཁག་ལ་རྒྱུས་ལོན་དང་དབྱེ་ཞིབ་ཀྱང་བྱེད་བཞིན་ཡོད། གཞན་ཡང་དཔྱད་རྩོམ་དང༌། ལོ་རྒྱུས། ངོ་སྤྲོད། དཔྱད་བརྗོད། སྙན་རྩོམ་སོགས་རྩོམ་ཡིག་མང་པོ་ཞིག་འབྲི་སྤེལ་དང༌། ཕྲན་གྱིས་བྲིས་པའི་རྩོམ་དེབ་ཁག་ཅིག་དབྱིན་ཡིག་དང་རྒྱ་ཡིག་ཏུ་བསྒྱུར་ནས་ཀྱང་པར་སྐྲུན་འགྲེམས་སྤེལ་བྱས། ཕྱི་ལོ་ ༢༠༠༦ ལོར་སྐབས་བཅུ་བཞི་པ་དང༌། ཕྱི་ལོ་ ༢༠༡༡ ལོར་སླར་ཡང་མུ་མཐུད་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་སུ་འོས་འདེམས་བྱུང་ནས་ལས་ཁུར་ཞུ་བཞིན་པའི་དུས་ཡུན་རིང་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང༌། རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ངོ་སྲུང་དང་འཛེམས་ཟོན་གྱི་དབང་དུ་མ་བཏང་བར། སྤྱི་དོན་གཙོར་བཟུང་གིས་བསམ་ཚུལ་རྣམས་ཁ་རུ་ཁ་ཐུག་གིས་བརྗོད་མཁན་ཞིག་ཡིན་པས། ད་ལན་མདོ་སྟོད་མི་ཡི་ཆོལ་ཁའི་རྒྱ་ཆེའི་མི་མང་དང༌། སྔ་འགྱུར་རྙིང་མ་པའི་ཆོས་བརྒྱུད་གཉིས་ཀའི་ངོས་ནས་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་འོས་གཞི་རུ་གུས་པར་ཚད་མཐོའི་རྒྱབ་སྐྱོར་གནང་འདུག་པར་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། སྐབས་འདིར་གུས་པ་སླར་ཡང་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིར་ལངས་ཡོད་པས་མདོ་སྟོད་རྒྱ་ཆེའི་མི་མང་གིས་སྔར་བཞིན་རྒྱབ་སྐྱོར་གནང་བའི་འབོད་སྐུལ་དང་བཅས་ལོ་རྒྱུས་སྙིང་བསྡུས་སུ།

 

མིང༌། རྡོ་རྗེ་ཚེ་བརྟན།

ཕྱི་ལོ་ ༡༩༨༣ ཟླ་ ༢ ཚེས་ ༥ ཉིན་སྦིར་གཞིས་ཆགས་སུ་སྐྱེས་པ་དང༌། རྒྱ་གར་སྤོན་ཊ་གཏན་སློབ་ནང་འཛིན་རིམ་ ༡༠ བར་དང༌། མ་སུ་རི་གཏན་སློབ་ནང་འཛིན་རིམ་ ༡༢ ཐོན། རྒྱ་གར་གྷུ་ཇི་ར་ཐིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ (MS University) ནང་དཔལ་འབྱོར་རིག་པ་དང༌། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སློབ་གཉེར་བྱས།

ལས་ཀའི་ཉམས་མྱོང་ནི། མཐོ་སློབ་སྐབས་སུ་གྷུ་ཇི་ར་ཐི་བྷ་རོ་ཊའི་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དང་ཚོགས་གཞོན་གྱི་འགན་ཁུར། ཕྱི་ལོ་ ༢༠༠༨ ནས ༢༠༡༠ ལོ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་སྦྱོང་བརྡར་སྤྲོད་མཁན་དང༌། ལས་ཁུངས་དོ་དམ་པའི་འགན་ཁུར། ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བྱས། ཕྱི་ལོ་ ༢༠༡༡ ནས་ ༢༠༡༣ རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བྱས། ཕྱི་ལོ་ ༢༠༡༣ རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལྷོ་ཨེ་ཤེ་ཡའི་སློབ་སྟོན་པའི་ཚོགས་མི། ཕྱི་ལོ་ ༢༠༡༣ ནས་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡའི་འགན་འཛིན་བྱེད་མུས་ཡིན།

ལས་དོན་གྲུབ་འབྲས་ནི། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་དང༌། བརྒྱུད་ལམ་ཐོག་བགྲོ་གླེང་མང་པོའི་ཐོག་མཉམ་ཞུགས་བྱེད་ཐུབ་ཡོད། རྒྱ་གར་གཙོས་རྒྱལ་སྤྱིའི་ནང་ནས་མཐོ་རིམ་སློབ་མ་གཙོས་བོད་དོན་རྒྱབ་སྐྱོར་བ་མང་པོ་འཚོལ་ཐུབ་ཡོད། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བྱས་ཏེ། ཚོགས་པའི་འགྲོ་སོང་རང་ཁ་རང་གསོ་ཡོང་ཐབས་བྱས་ཡོད། འཆར་སྣང་ལྡན་པའི་ན་གཞོན་ཚོ་མཉམ་རུབ་བྱེད་ཐབས་དང༌། སྤྱི་ཚོགས་མཐོ་དམན་བར་གསུམ་ནང་ལས་དོན་བྱེད་པའི་མཉམ་རུབ་ཡོང་ཐབས་བྱེད་བཞིན། ལོ་བཅུ་རིང་རྒྱལ་སྤྱིའི་ཐོག་བོད་དོན་ངོ་སྤྲོད་དང༌། དུས་རྒྱུན་དུ་ཐང་ལ་མར་ཡོང་ནས་བོད་དོན་ལས་འགུལ་སྤེལ་ཐུབ་པ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་ཀྱི་གནས་སྟངས་ལ་རྒྱུས་ལོན་ཞིབ་འཇུག་ཚད་ལྡན་བྱས་ནས། གླིང་ཕྲན་བཞིའི་རྒྱལ་ཁབ་བཅུ་ལྷག་གི་ནང་སྐོར་བསྐྱོད་བྱས་ཏེ་བོད་དོན་ཞི་བའི་འཐབ་རྩོད་བྱེད་སྟངས་སྐོར་ངོ་སྤྲོད་དང༌། ལས་འགུལ་སྤེལ་ཕྱོགས་ལ་སྦྱོང་བརྡར་སྤྲད་པ་སོགས་བོད་དོན་ཆེད་ལས་ཀ་བྱེད་བཞིན་པའི་ལོ་རྒྱུས་མདོར་བསྡུས་སུ།

 

མིང༌། དབུ་དཀར་ཚང་གཡུ་སྒྲོན།

སྐབས་གཉིས་རིང་བོད་མི་མང་སྤྱི་འཐུས་གནང་མྱོང་བ་དང་བོད་མིའི་སྤྱི་ཚོགས་ནང་མི་ལོ་ཧྲིལ་པོ་ ༡༥ ཞབས་འདེགས་ཞུས་ཡོད། ད་ལྟའི་ཆར་ལྡི་ལིར་གཏན་གཞིས་བྱེད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ན་གཞོན་ནུས་སྤེལ་ལས་གཞི་ (Empowering the Vision) གྱི་སྤྱི་ཁྱབ་འགན་འཛིན་གྱི་འགན་ཁུར་བཞེས་མུས་ཡིན། ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་འདི་ཉིད་ནི་གཞོན་སྐྱེས་ཚོར་རྒྱབ་སྐྱོར་སེམས་སྐུལ་དང༌། ནུས་ཤུགས་གོང་སྤེལ་གཏོང་ཐབས་རྒྱུད། བོད་མི་གཞོན་སྐྱེས་རྣམས་རང་ཁ་རང་གསོ་ཁྱད་ལས་ཅན་དང་འགུལ་ཤུགས་ལྡན་པ་བཅས་སྐྲུན་ཐབས་དམིགས་ཡུལ་བྱེད་བཞིན་ཡོད། དེ་སྔོན་ད་ལེནཊ་གཞུང་འབྲེལ་མིན་པའི་ཚོགས་པ་ཀེ་རེ་ཊ་ཨིན་ཊར་ནེ་ཤ་ནལ་ (Kreddha International) ཞེས་པའི་ཚོགས་པ་ཞིག་གི་ནང་རང་དབང་ཅན་གྱི་སློབ་སྟོན་པའི་ཕྱག་ལས་གནང་ཡོད། ཚོགས་པ་འདི་ཉིད་ཀྱིས་རྒྱལ་ཁབ་དང་ཚོགས་པ་ཕན་ཚུན་རྩོད་རྙོག་འདུམ་སྒྲིག་དང་གྲོས་འཆམ་བཅས་ཡོང་ཆེད་ཕྱག་ལས་གནང་གྱི་ཡོད། ཕྱི་ལོ་ ༢༠༠༠ ལོ་ནས་ ༢༠༠༣ ལོ་བར་ཁོང་རྡ་སར་གཏན་གཞིས་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ལས་འཆར་འགན་འཛིན་བགྲེས་པའི་འགན་ཁུར་བཞེས་ཡོད། ཁོང་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཀྱི་ཕྱག་ལས་གནང་མྱོང་བ་མ་ཟད་ ༡༩༩༤ ལོ་ནས་ ༡༩༩༦ ལོ་བར་བུད་མེད་ལྷན་ཚོགས་ནང་ཉམས་ཞིབ་པའི་འགན་ཁུར་ཞུས་ཡོད། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སློབ་ཡོན་ལས་འཆར་འོག་ཨ་རིའི་ཊ་པ་ས་ (Tufts) གཙུག་ལག་སློབ་གཉེར་ཁང་གྱི་མཐོ་སློབ་གྲགས་ཅན་ཕ་ལེ་ཅར་ (Fletcher) ནས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་འབྲེལ་ཐབས་ཇུས་ཐོག་གཙུག་ལག་རབ་འབྱམས་པ་ཐོན་ཡོད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཏན་གཞིས་བྱེད་པའི་ཇ་བ་ཧར་ལླ་ནེ་རུ་གཙུག་ལག་སློབ་གཉེར་ཁང་ (Jawaharlal Nehru University) ནས་རྒྱལ་སྤྱིའི་ཆབ་སྲིད་ཐོག་གཙུག་ལག་རབ་འབྱམས་པ་དང་ལེ་ཊི་ཤི་རི་རམ་མཐོ་སློབ་ (Lady Shri Ram College) ནས་སྲིད་དོན་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པ་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།།

 

མིང༌། དཀོན་མཆོག་ཡང་འཕེལ།

སྤྱི་ལོ་ ༡༩༩༣ ལོར་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་འབྱོར་བ་དང༌། སུ་ཇཱ་བོད་ཁྱིམ་ནང་སློབ་ཞུགས་གནང་ནས་ཕྱི་ལོ་ ༢༠༠༠ ལོར་འཛིན་རིམ་བཅུ་པའི་བསླབ་པ་མཐར་སོན་བྱུང༌། གཞི་རིམ་སློབ་ཡུན་རིང་སློབ་གཉེར་དང་སྤྱི་དོན་འགན་ཁུར་འཐུས་ཤོར་མེད་པ་གནང་བས་སྐབས་དེའི་བོད་གཞུང་ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་བྲལ་གྱི་སློབ་མ་རྩེ་ཕུད་ (Best Boy Award) ཀྱི་གཟེངས་རྟགས་སྩལ་གནང་བྱུང་བ་དང༌། དེ་རྗེས་རྡ་སྟེང་བོད་ཁྱིམ་དུ་སློབ་ཞུགས་ཀྱིས་ཕྱི་ལོ་ ༢༠༠༢ ལོར་འཛིན་རིམ་བཅུ་གཉིས་སློབ་གཉེར་ལེགས་པར་གྲུབ། དེ་རྗེས་མཐོ་རིམ་སློབ་གཉེར་ཆེད་ལྡི་ལིར་ཕེབས་པ་དང༌། དེ་གའི་མཐོ་རིམ་སློབ་གཉེར་ཁང་དུ་ལོ་གསུམ་རིང་ཆབ་སྲིད་ཚན་རིག་ཐོག་སློབ་གཉེར་གྱིས་ཕྱི་ལོ་ ༢༠༠༥ ལོར་གཙུག་ལག་སློབ་ཐོན་ (B.A Political Science) གྱི་ལག་འཁྱེར་ཐོབ། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་སླར་ཡང་ལྡི་ལི་མཐོ་སློབ་རང་དུ་ལོ་གཉིས་རིང་སློབ་གཉེར་གྱིས་ཆབ་སྲིད་རིག་པའི་སློབ་དཔོན་ (M.A Political Science) གྱི་བསླབ་པ་མཐར་སོན་བྱུང་ཡོད། ལས་ཀའི་ཉམས་མྱོང༌། སློབ་གྲྭར་སྡོད་རིང་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་དང་བུའི་སྡོད་ཁང་གི་རྒན་བདག་སོགས་འདེམས་ཐོན་རྒྱུན་པར་བྱུང་ནས་སློབ་གཉེར་གྱི་ཞོར་དུ་སྤྱི་ཚོགས་ཞབས་ཞུ་དང་ཚོགས་པའི་འགན་ཁུར་ཐོག་ཁུར་བབ་ཀྱི་ལས་སྣེ་ཚང་མ་སླ་བཅོས་ཙམ་མ་ཡིན་པར་གྲུབ་འབྲས་རྩེ་ཐོན་སོན་པ་བྱུང་ཡོད། དེ་རྗེས་མཐོ་སློབ་སྐབས་སླར་ཡང་ལྡི་ལི་བོད་ཁྱིམ་གྱི་རྒན་བདག་གམ་སློབ་ཕྲུག་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བ་མ་ཟད་ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཙོར་འདེམས་ཐོན་བྱུང་བ་བཅས་ཡིན་ལ། མདོར་ན། སློབ་གཉེར་གྱི་དུས་ཡུན་རིང་སྤྱི་ཚོགས་ཞབས་ཞུ་དང་ཉམས་མྱོང་གསོག་པའི་གོ་སྐབས་རྒྱུན་མར་བྱུང་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༧ ནས་ ༢༠༠༡༣ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་དུས་ཡུན་གཉིས་རིང་འོས་འདེམས་བྱུང་བ་མ་ཟད་རྒྱུན་ལས་སྡོད་ཡུན་རིང་རྒྱལ་ས་ལྡི་ལིར་དུས་བཀག་མེད་པའི་ཟས་བཅད་ངོ་རྒོལ་གནང་བ་དང༌། དེ་བཞིན་ཨ་རི་དང་ཁེ་ན་ཌ། ཡོ་རོབ། ཨོ་སི་ཊོ་ལི་ཡ་སོགས་ཕྱི་རྒྱལ་ཡུལ་གྲུ་གང་སར་ཕེབས་ནས་རྒྱ་གཞུང་གི་བོད་མིའི་ཐད་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཐེར་འདོན་དང༌། བོད་མིའི་དཀའ་སྡུག་གི་འཚོ་བ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་པའི་ལས་གཞི་མང་དག་ཅིག་སྤེལ་ཡོད་པ་མཁྱེན་གསལ་དང༌། གཞོན་ནུའི་རྒྱུན་ལས་ནས་གནས་སྤོས་བྱུང་ནས་ད་བར་སྨར་ཁམས་གྲགས་པ་རིན་པོ་ཆེ་མཆོག་གི་གསར་འཛུགས་གནང་བའི་རྒྱལ་སྤྱི་བྱམས་བརྩེའི་བདེ་རྩ་ཞེས་པ་བོད་དང་ཧི་མ་ལ་ཡིའི་བརྒྱུད་ཀྱི་དྭ་ཕྲུག་དང་ཆེས་དྭ་ཕྲུག་དེ་བཞིན་ཉམས་ཐག་སོགས་ཀྱི་ཆེད་ལས་དོན་བྱེད་བཞིན་པའི་ཚོགས་པ་དེར་དྲུང་ཆེའི་ལས་ཁུར་ཞུ་མུས་རེད། མདོར་ན། བོད་མི་རིགས་འདི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་པས་མི་རིགས་ཀྱི་སྣེ་ཁྲིད་ཆབ་སྲིད་ཤེས་མཁན་ཞིག་དང༌། བོད་མིའི་དཀའ་སྡུག་གི་གནས་སྟངས་རྒྱལ་སྤྱིའི་སྟེང་སྐྱེལ་མཁན་ཞིག་ཡིན་ལ། དེང་དུས་ཀྱི་ཤེས་ཡོན་དང་མཐོང་རྒྱ་ཡོད་མཁན་ཞིག་ཡིན་པའི་ལོ་རྒྱུས་མདོར་བསྡུས་སོ།།

 

མིང༌། གླིང་ཚང་པདྨ་བདེ་ལེགས།

ཕྱི་ལོ་ ༡༩༥༢ ལོར་བོད་མདོ་ཁམས་གླིང་ཚང་དུ་སྐྱེས་ཤིང༌། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར། སྦེལ་ཀོབ་ཉིན་སློབ་དང་རྙིང་དགོན་རྣམ་གྲོལ་གླིང་དུ་སློབ་གཉེར་ཞུས། དེ་རྗེས་ཝ་ཎ་བོད་ཀྱི་མཐོ་སློབ་ཁང་དུ་སློབ་གཉེར་ཞུས། གཞིས་ཆགས་ཀྱི་གཞིས་གྲོང་སྤྱི་མིའི་ལས་ཁུར་དང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་དང་ཚོགས་གཞོན་གྱི་འགན་ཁུར་རིམ་པ་ཞུས། གཞིས་ཆགས་མི་མང་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱུང་བ་བཞིན་ལས་འགན་འཐུས་གཙང་ཞུས། ཕྱི་ལོ་ ༡༩༨༤ ནས་ ༡༩༨༩ བར་ལུགས་བསམ་ཤས་བདག་མང་ཚོགས་ནས་འོས་འདེམས་བྱུང་བ་བཞིན་ས་གནས་འོས་བསྡུའི་ལམ་ནས་མཉམ་འབྲེལ་གྱི་དྲུང་ཆེ་ཐེངས་དང་པོའི་ལས་ཁུར་ཞུས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད། སྐབས་བཅིུག་པའི་མདོ་སྟོད་སྤྱི་འཐུས་འོས་འདེམས་བྱུང་དོན་འགན་ཁུར་ཞུས། དེ་བཞིན་མདོ་སྟོད་རྒྱལ་ཡོངས་འོས་བསྡུ་ཐེངས་དང་པོའི་སྐབས་འདེམས་ཐོན་བྱུང་བ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ཚོགས་གཙོ་གཞོན་པའི་ལས་ཁུར་ཞུས་ཏེ། མདོ་ཁམས་རྒན་རབས་དཔའ་བོ་འདས་པོ་དམ་པ་རྣམས་དང་སྐྱིད་སྡུག་མཉམ་མྱོང་ཐོག་ཁོང་རྣམས་ཀྱི་ཐུགས་རེ་བཞིན་ཚོགས་གཙོ་གཞོན་པའི་ལས་འགན་རྐང་ལེན་གྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལྡི་ལི་ཁང་ཆེན་གསར་རྒྱབ་ཀྱིས་མཚོན་ཆུ་སྒང་སྒྲིག་འཛུགས་ཀྱི་ལས་དོན་ཕྱོགས་ཡོངས་ཀྱི་ཐོག་དཀའ་ངལ་ཁྱད་བསད་ཀྱི་ལས་དོན་ཞུས་པ་བཞིན་གྲུབ་འབྲས་ཀྱང་བྱུང་ཡོད། ཕྱི་ལོ་ ༢༠༠༤ ལོར་རང་གཞུང་བཀའ་ཤག་གི་སྲིད་བྱུས་བཞིན་ས་གནས་བོད་མིའི་མཉམ་འབྲེལ་ཁག་གི་ཚོགས་གཙོ་ཤས་བདག་མི་མང་ནས་ཡུལ་ཁྲིམས་དང་མཐུན་པའི་འོས་བསྡུ་དགོས་ཕེབས་ལྟར་གུས་པ་ས་གནས་ནས་འོས་བསྡུ་བྱས་པའི་བོད་མིའི་མཉམ་འབྲེལ་ཚོགས་གཙོ་ཐེངས་དང་པོ་དང༌། དེ་བཞིན་མཉམ་འབྲེལ་གོང་འཕེལ་གཏོང་མཁན་ Chief Promoter འདེམས་བསྐོས་བྱུང་བ་བཞིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཞེས་བོད་མིའི་གཞིས་ཆགས་ཁག་ ༡༥ ནང་ཡོད་པའི་མཉམ་འབྲེལ་རྣམས་མཉམ་རུབ་ཀྱིས་སྒྲིག་འཛུགས་ཤིག་རྒྱ་གར་གཞུང་ལ་དེབ་བསྐྱེལ་ཚད་ལྡན་ཞུ་ཐུབ་པ་སོགས་ཀྱི་ལས་འགན་ཞུས་ཡོད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་མོས་ཚོགས་གཙོ་ཐེངས་གཉིས་རིང་འདེམས་ཐོན་བྱུང་བ་བཞིན་ལས་དོན་འགན་ཁུར་ཞུས། ས་གནས་མང་ཚོགས་ཀྱི་དཀའ་ངལ་སེལ་ཆེད་ཆུ་གློག་ལམ་སོགས་ཀྱི་ལས་དོན་ཐོག་རང་ནུས་གང་ཡོད་ལས་འགན་ཞུས་ཡོད། མདོ་སྟོད་སེར་སྐྱ་མི་མང་ནས་གུས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་ ༡༩ པ་འོས་འདེམས་བྱུང་བ་བཞིན་ཚོགས་གཙོའི་ལས་ཁུར་ཞུས་ཏེ་དབུས་རྒྱུན་ལས་རྣམས་དང་ལྷན་དུ། ཆུ་སྒང་དགེ་རྩ་ཚོགས་པ་ཁྲིམས་མཐུན་དེབ་བསྐྱེལ་ཞུས་ཏེ་མདོ་ཁམས་རྒན་རབས་བོད་བསྟན་སྲིད་ལ་མི་རྒྱུ་སྲོག་གསུམ་གྱིས་དཀའ་ལས་རྒྱབ་མཁན་གཙོས་རྒན་རབས་དཀའ་ངལ་ཅན་མི་གྲངས་ ༡༠༠ ལ་འཚོ་བསྣོན་ཐབས་འཚོལ་གྱིས་དངོས་སུ་འབུལ་ཐུབ་པ་བྱུང་ཡོད། སླར་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་ ༢༠ པའི་ཚོགས་གཙོའི་ལས་འགན་ཞུ་བཞིན་ལགས། མདོར་བསྡུས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག ལྷག་པར་དུ་རང་གི་མི་ཚེའི་ནང་སྐྱིད་སྡུག་མཉམ་མྱོང་ཅན་གྱི་མདོ་ཁམས་ཀྱི་རླབས་ཆེན་དབུ་ཁྲིད་མི་རབས་རྒན་པ་འདས་སོན་རྣམས་ཀྱི་ཐུགས་རེ་སྙིང་བཅངས་ཀྱིས་བོད་སྤྱི་ལ་ཕན་པའི་ལས་དོན་རང་ནུས་གང་ཡོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

 

མིང༌། བློ་བཟང་གྲགས་པ།

བོད་ནང་སློབ་འབྲིང་བར་རྒྱ་བོད་སྐད་ཡིག་གཉིས་ལ་སྦྱང་བརྩོན་གནང་ཡོད་པ་དང༌། ཕྱི་ལོ་ ༡༩༩༨ ལོ་མཇུག་ལ་རྒྱ་གར་ཏུ་བཙན་བྱོལ་ལ་ཡོང་བ་དང༌། དེ་ནས་རྒྱ་གར་དུ་འཛིན་རིམ་བཅུ་པ་བར་སུ་ཇཱ་བོད་ཁྱིམ་ནང་སློབ་སྦྱོང་གནང༌། འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་བར་གོ་པལ་པུར་བོད་ཁྱིམ་ནང་སློབ་སྦྱོང་གནང༌། དེ་ནས་ཕྱི་ལོ་ ༢༠༠༧ ལོ་ནས་ཁྲིམས་ལུགས་མཐོ་སློབ་ National Law school of India University, Bangalore. Mysore JSS Law School བརྒྱུད་ནས་ཁྲིམས་ལུགས་རབ་འབྱམས་པ་ (LL.B) སློབ་མཐར་སོན། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་ཁྲིམས་ལུགས་མཐོ་སློབ་Christ Law School, Bangalore ནས་ཁྲིམས་ལུགས་གཙུག་ལག་རབ་འབྱམས་པ LL.M མཐར་ཕྱིན་པ་གནང༌། ཕྱི་ལོ་ ༢༠༡༠ ལོར་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པར་གྱུར། ཕྱི་ལོ་ ༢༠༡༤ ལོར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་ཚོགས་པའི་ཚོགས་གཙོ་དང༌། རྒྱལ་སྤྱིའི་བོད་རྒྱའི་སྨྱུག་ཚོགས་ཀྱི་ཚོགས་མིར་བཞུགས། ཕྱི་ལོ་ ༢༠༡༥ ལོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་ཡིག་གསར་འགོད་པ་རྒན་པར་བསྐོས། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་བཞུགས།

 

མིང༌། ངག་དབང་ཐར་པ།

ཕྱི་ལོ་ ༡༩༨༠ ལོར་ཁམས་སོག་རྫོང་དུ་སྐྱེས་ནས་སོག་ཙན་དན་དགོན་དུ་ནང་ཆོས་དང་ཐུན་མོང་རིག་གནས་སྐོར་ལ་སློབ་སྦྱོང་དང༌། ཕྱི་ལོ་ ༡༩༩༦ ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་ལོ་གསུམ་རིང་བོད་དབྱིན་གཉིས་ལ་སྦྱང་བརྩོན་བྱས། ཕྱི་ལོ་ ༢༠༠༠ ལོ་ནས་ ༢༠༠༦ ལོ་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཡིག་ཚགས་སྡེ་ཚན་དང་གློག་ཀླད་དྲ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་དང༌། ཞོར་དུ་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་དང༌། དེབ་དང་དུས་དེབ་ཚགས་ཤོག་བཅས་མང་པོ་ཇུས་འགོད་བྱས་པ་སོགས་གློག་ཀླད་ཀྱི་ཤེས་བྱ་མང་པོར་རྒྱུས་མངའ་ཆེ་བའི་ཆེད་ལས་མི་སྣ་ཞིག་ཏུ་གྱུར་ཡོད། ཕྱི་ལོ་༢༠༠༥ ལོ་ནས་གཞིས་བྱེས་ལྷན་འཛོམས་དྲ་རྒྱའི་འགན་འཛིན་དང༌། རྩོམ་སྒྲིག་གི་འགན་ཁུར། དྷ་ས་བོད་ཀྱི་བརྡ་འཕྲིན་རིག་པའི་(DITG)ཚོགས་ཆུང་གི་ཚོགས་མི་དང༌། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་མི་ཡང་བྱས། ཕྱི་ལོ་༢༠༠༧ ལོར་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་ཁོར་ཡུག་སྐོར་གྱི་ཟབ་སྦྱོང་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཏེ་ཞོར་དུ་བོད་མིའི་གཞིས་ཆགས་ཁག་ལ་རྒྱུས་ལོན་བྱས། ཕྱི་ལོ་༢༠༠༩ ལོར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག་ཆ་འཕྲིན་དང་དྲ་ཚིགས་ཀྱི་ལམ་ནས་བོད་ཡིག་བེད་སྤྱོད་གཏོང་ཐབས་སྐོར་གྱི་ཟབ་སྦྱོང་དང༌། གཞིས་ཆགས་ཁག་ཅིག་ནང་གཞོན་སྐྱེས་རྣམས་ལ་གློག་ཀླད་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ཁ་ཤས་སྤྲད། ཕྱི་ལོ་ ༢༠༡༡ ལོར་བལ་ཡུལ་དུ་ཧི་མ་ལ་ཡའི་བང་ཆེན་གསར་ཤོག་འགོ་འཛུགས་དང་དེབ་སྐྱེལ་གྱི་འགན་ཁུར། དེ་བཞིན་རྒྱུན་དུ་བོད་ནང་གི་ཛ་དྲག་གནས་ཚུལ་དག་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་ཀྱིས་རྒྱལ་སྤྱིའི་ཁྱོན་དུ་དྲིལ་བསྒྲགས་རྒྱ་གང་ཆེ་བྱས། ད་ལྟ་སྐབས་བརྒྱད་པའི་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང༌། སྐབས་ ༢༠ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན། དྷ་ས་ཆུ་སྒང་དབུས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན། དྷ་ས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ་བཅས་བྱེད་བཞིན་པ་དང༌། དེ་བཞིན་ཁ་བ་དཀར་པོ་དུས་དེབ་ཀྱི་རྩོམ་སྒྲིག་ཁོངས་མི་དང༌། སྦྲ་སོག་འབྲི་གསུམ་དུས་དེབ་ཀྱི་རྩོམ་སྒྲིག་པ། སྐབས་ ༢༠ པའི་ཆུ་སྒང་ལོ་རྒྱུས་རྩོམ་སྒྲིག་པའི་ཁོངས་མི་བཅས་ཡིན། ཕྱི་ལོ་ ༢༠༠༦ ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་དང༌། བོད་ཀྱི་བང་ཆེན་དྲ་རྒྱའི་དོ་དམ་པ་དང་གསར་འགོད་པ་བཅས་ཀྱི་འགན་ཁུར་བཞིན་ཡོད་ལ། མདོར་ན་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་ལ་གཞིགས་ནས་བོད་མི་རིགས་དང༌། རིག་གཞུང༌། སྤྱི་ཚོགས་སྤྱི་ལ་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་ཙམ་མ་ཟད། དངོས་སུ་ལག་ལེན་བསྟར་མཁན་ཞིག་ཀྱང་ཆགས་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

 

མིང༌། བློ་བཟང་ཡེ་ཤེས།

ཕྱི་ལོ་ ༡༩༨༨ ལོར་ཧར་པ་སྤུར་གཏན་སློབ་ནས་གཞི་རིམ་སློབ་གྲྭ་ཐོན་ཏེ་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། ཕྱི་ལོ་ ༡༩༩༢ ལོར་ཅན་རྡི་རྒར་མཐོ་སློབ་ནས་སྲིད་དོན་ཚན་རིག་ཐོག BA དང་དགེ་རྒན་འོས་སྦྱོང་B.Ed ཐོན། སློབ་གཉེར་རིང་ཅན་རྡི་སྒར་ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ། དེ་བཞིན་ཕྱི་རྒྱལ་སློབ་ཚོགས་ཀྱི་ཚོགས་གཞོན་བྱས། དེ་རྗེས་སྤོན་ཊ་སློབ་གྲྭའི་སློབ་དགེ་གནང༌། ཕྱི་ལོ་ ༡༩༩༤ ལོར་ལྡི་ལིར་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་དང་དབྱིན་བསྒྱུར་གྱི་ལས་འཁུར་ལོ་ ༦ རིང་ཞུས། ཕྱི་ལོ་ ༡༩༩༩ ལོར་སྦེལ་ཀོབ་སེར་བྱེས་སློབ་གྲྭར་དགེ་རྒན་ལོ་ ༦ རིང་བྱས། དེ་རྗེས་ ཕྱི་ལོ་ ༢༠༠༡ ནས་༢༠༠༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་སྒྲིག་འཛུགས་འགན་འཛིན་དང་ཚོགས་གཞོན་གྱི་ལས་འཁུར་ཞུས། སྐབས་དེར་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགུལ་ཁག་དང༌། ཟབ་སྦྱོང༌། བོད་གནས་ཁྱབ་སྤེལ་དང་ཞུ་གཏུགས་ཀྱི་ལས་འགུལ། སྤྱི་ཚོགས་ཞབས་ཞུ་སོགས་གང་མང་སྤེལ། དེ་བཞིན་བོད་མིའི་གཞིས་སྒར་དང༌། སློབ་གྲྭ། མཐོ་སློབ་ཕལ་མོ་ཆེར་ཆེད་བསྐྱོད་ཀྱིས་རྒྱལ་ཞེན་སློབ་གསོ་དང་ཆབ་སྲིད་གོ་རྟོགས་བཅས་སྤེལ། ལྷག་པར་དུ་གཞོན་ནུའི་ནང་ལས་ཡུན་རིང་རྒྱ་ནག་གཞུང་གི་འཁྱོག་བཤད་གྱི་ཡིག་ཆ་རྒྱབ་ཤ་དཀར་པོ་ཁག་ལ་དབྱིན་ཡིག་ཐོག་ཉམས་ཞིབ་གྱིས་ལན་འདེབས་མཐིལ་ཕྱིན་བྱས། ཕྱི་ལོ་ ༢༠༠༢ ལོ་དང་ ༢༠༠༥ ལོའི་དུས་འཁོར་དབང་ཆེན་སྐབས་གཞོན་ནུའི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་གྱི་འགན་ཁུར་སྣེ་ཁྲིད་ཞུས། ཕྱི་ལོ་ ༢༠༠༧ ལོར་གཉན་ནད་རེག་དུག་ནད་གཞི་འགོག་ཐབས་ཆེད་འདམ་ག་ཚོགས་པ་གསར་འཛུགས་ཀྱིས་ནད་གཞི་འགོག་ཐབས་ཐོག་གོ་རྟོགས་དང་ནད་པར་ལྟ་སྐྱོང་བཅས་ལོ་ ༦ རིང་ཞབས་འདེགས་ཞུས། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཨོ་ལིམ་པིག་རྩེ་འགྲན་ཆེ་མོའི་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་མི་མང་སྒེར་ལངས་ཆེན་མོའི་ལས་འགུལ་བོད་བར་གོམ་བགྲོད་ནང་འབྲེལ་འཐུད་པའི་འགན་ཁུར་སྣེ་ཁྲིད་བྱས། ཕྱི་ལོ་ ༢༠༡༡ ལོར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་རྗེས་སྤྱིར་གྲོས་ཚོགས་ཀྱི་བགྲོ་གླེང་ནང་ལྷག་བསམ་བཟོད་མེད་ཀྱི་འགན་ཁུར་ཆ་ཤས་གང་ནུས་བླངས་དང་ས་བགོས་སོགས་ལ་གཞུང་འབྲེལ་ཕྱོགས་བསྐྱོད། ལྷག་པར་དུ་སྤྱི་ལྷན་ནས་གོ་སྒྲིག་ཞུ་པའི་བོད་དོན་ལས་འགུལ་ཁག་དཔེར་ན་བདེན་པའི་མེ་ལྕེ་དང་རྒྱ་གར་རྒྱལ་ཡོངས་ཞུ་གཏུགས་ལས་འགུལ་སོགས་ནང་འགན་འཁུར་རྐང་ལེན་བཞེས། མདོར་ན་དུས་རྒྱུན་བོད་དོན་ལས་འགུལ་ནང་མཉམ་ཞུགས། སྤྱི་ཚོགས་ཞབས་ཞུ། ཚོགས་པ་ཁག་གིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་སོགས་ནང་གཏམ་བཤད། དེ་བཞིན་རྒྱ་བོད་གནད་དོན་ཐོག་ཉམས་ཞིབ་ཀྱིས་རྩོམ་རིགས་སྤེལ་བ་སོགས་ཀྱི་ངོ་སྤྲོད་ལོ་རྒྱུས་སྙིང་བསྡུས་སོ།།

མིང་། ཚེ་རིང་སྒྲོལ་མ།

སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་ནི་ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༢༦ ཉིན་རྒྱ་གར་བྱང་ཤར་མེག་གྷ་ལ་ཡའི་མངའ་སྡེའི་ཤེས་ལོངས་ས་གནས་སུ་འཁྲུངས་པ་དང་། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཆུང་དུས་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ། རྡོར་གླིང་བོད་མིའི་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན། དེ་རྗེས་ཤེས་ལོངས་ནང་རྟེན་གཞི་བྱས་པའི་ནེ་ཧུ་ (North Eastern Hill University-NEHU) གཙུག་ལག་སློབ་གཉེར་ཁང་ནས་ལོ་གསུམ་རིང་སློབ་སྦྱོང་བྱས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་། རྒྱུན་ལས། དྲུང་ཆེ་བཅས་གནང་། དེ་རྗེས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་དང་། དྲུང་ཆེ་གནང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ལོར་བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་ཆབ་སྲིད་ལས་འགུལ་ཆེན་མོ་སྤེལ་སྐབས་དང་བླངས་ཐོག་མཉམ་ཞུགས་གནང་། དེ་བཞིན་ཤེས་ལོངས་ས་གནས་མདོ་སྟོད་འོས་བསྡུའི་ཚོགས་མིའི་འགན་ཁུར་ཐོག་དེ་སྔོན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་ཚགས་ཚུད་ལེགས་སྒྲུབ་གནང་། ཤེས་ལོངས་ས་གནས་ཆུ་སྒང་གི་ཚོགས་མི་དང་། དེང་གི་ཆར་ཤེས་ལོངས་མི་མང་ནས་ཐུགས་རེ་ཆེན་པོས་ས་གནས་འཐུས་ཚོགས་སུ་བདམས་ཐོན་དང་། ས་གནས་འཐུས་མི་རྣམ་པས་ཤེས་ལོངས་ས་གནས་འཐུས་མིའི་ཚོགས་གཙོར་འོས་འདེམས་ཀྱིས་ལས་ཁུར་དམ་འབུལ་ཞུས་ཐོག་ལས་དོན་འགན་ཁུར་གནང་བཞིན་ཡོད།

 

མིང༌། ཐུབ་བསྟན་ལུང་རིགས།

ཌལ་ཧོར་བོད་གཞུང་གཏན་འཇགས་སློབ་གྲྭར་གཞི་རིམ་སློབ་སྦྱོང་དང༌། མཐོ་རིམ་སློབ་སྦྱོང་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཐོན། ཕྱི་ལོ་ ༡༩༨༡ ལོར་ཆེས་མཐོའི་སློབ་ཐོན་རྗེས་དྷ་ས་བོད་ཁྱིམ་དུ་དགེ་རྒན་ཞབས་ཞུ་ ཕྱི་ལོ་ ༡༩༩༢ བར་དང་དེ་ནས་སུ་ཇཧ་བོད་ཁྱིམ་སློབ་གྲའི་སློབ་སྤྱིར་བསྐོ་གཏོང་གནང༌། ཕྱི་ལོ་ ༡༩༩༦ ལོར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་སུ་ཐད་བསྐོ་གནང༌། སྤྱི་འཐུས་རྣམ་པས་ཚོགས་གཙོ་གཞོན་པར་མང་མོས་འོས་འདེམས་བསྐོ་གཞག་བྱུང༌། ཕྱྀ་ལོ་ ༢༠༠༡ ལོར་མདོ་སྨད་མི་མང་གིས་སྐབས་བཅུ་གསུམ་པའི་སྤྱི་འཐུས་སུ་འོས་འདེམས་དང་སྤྱི་འཐུས་རྣམ་པས་ཚོགས་གཙོར་མང་མོས་འོས་འདེམས་བསྐོ་གཞག་བྱུང་ཡང་ཟླ་ཤས་ནས་མང་ཚོགས་ནས་ཐད་ཀར་འདེམས་ཐོན་བཀའ་བློན་ཁྲི་པ་དང་པོ་སློབ་དཔོན་མཁས་དབང་གཟམ་གདོང་རིན་པོ་ཆེ་མཆོག་ནས་གྲོས་ཚོགས་སུ་བཀའ་བློན་གྱི་འོས་གཞིར་བཏང་བ་ལ་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་བསྐོ་གཞག་དང་འབྲེལ་བཀའ་བློན་ཁྲི་པས་ཤེས་རིག་དང་ཆོས་རིག་ལས་ཁུངས་གཉིས་ཀྱི་ལས་བསྐོ་གནང་བ་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་དང་འབྲེལ་བཀའ་བློན་ལས་འཁུར་དང་གསང་རྒྱའི་དམ་བཅའ་ཕུལ། ལས་ཡུན་ལོ་གཉིས་དང་ཕྱེད་ཙམ་ནས་ཆོས་རིག་ལས་ཁུངས་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འགན་དུ་ལས་སྤོ་གནང༌། ཕྱི་ལོ་ ༢༠༠༦ ལོར་སླར་ཡང་སྐབས་བཅུ་གསུམ་པའི་བཀའ་ཤག་གི་བཀའ་བློན་དུ་བསྐོ་གཞག་དང་ཤེས་རིགས་ལས་ཁུངས་ཀྱི་བཀའ་བློན་ལས་བསྐོ་སྙན་སེང་ཞུས་ཤིང་ལས་འགན་དང་གསང་རྒྱའི་དམ་བཅའ་ཕུལ། སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་བཀའ་ཤག་སྐབས་གཉིས་ཀྱི་ལས་ཡུན་ལོ་བཅུའི་རིང་དང༌། ༢༠༡༡ ལོར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་སུ་མདོ་སྨད་མི་མང་ནས་འོས་འདེམས་བྱུང་བས་ད་ལྟ་སྤྱི་འཐུས་ཀྱི་ལས་འགན་ཞུ་བཞིན་པ་བཅས་སྤྱི་འཐུས་སྐབས་བཅུ་གཉིས་པ་ལས་ཡུན་ལོ་ལྔ་དང༌། སྐབས་བཅུ་གསུམ་པ་ཟླ་བ་གསུམ་དང་བཅོ་ལྔ་པ་ལས་ཡུན་ལོ་ལྔ་ཞུས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།

 

མིང༌། བཀྲ་ཤིས་དོན་གྲུབ།

ཕ་མགོ་ལོག་གསེར་རྟའི་བཀྲ་ཤིས་ཟླ་བ་དང་མ་ཚེ་རིང་པདྨ་གཉིས་ཀྱི་བུ་རུ་ཕྱི་ལོ་ ༡༩༧༢།༠༧།༡༥ ཉིན་བལ་ཡུལ་དུ་སྐྱེས། ཕྱི་ལོ་ ༡༩༨༩ མཐོ་སློབ་ཐོན་རྗེས། ཕྱི་ལོ་ ༡༩༩༠ ནས་ ༢༠༠༠ བར་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་ཚོང་ལས་སྡེ་ཚན་ཨ་པུར་མགྲོན་ཁང་ནང་ལས་འགན་འདྲ་མིན་ཐོག་ལོ་ངོ་ ༡༠ ལྷག་ལས་ཀའི་ཉམས་མྱོང༌། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་སྤོག་ར་བྱམས་པ་གླིང་ས་གནས་གཞོན་ནུའི་རྒྱུན་ལས་བྱས། དེ་ནས་རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་འབྲེལ་ཐོག་ཕྱི་ལོ་ ༢༠༠༠ ནས་ ༢༠༠༣ བར་བལ་ཡུལ་བོད་ཀྱི་གསོལ་མགྲོན་ཁང་གི་འགན་འཛིན་ལས་རོགས་དང་དེ་རྗེས་གནས་སྤར་གྱིས་འགན་འཛིན་ཐོག་ཞབས་ཞུ་ཞུས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ དང་ ༢༠༠༨ བར་བལ་ཡུལ་ནང་ཀརྨ་གསུམ་ལྡན་མགྲོན་ཁང་གངས་ལྗོངས་(Gangjong Hotel) དང་མ་ནང་ (Manang Hotel) གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་ (Executive Manager) བྱས། བལ་ཡུལ་མདོ་སྨད་སྐབས་ལྔ་པ་ནས་ད་ལྟ་སྐབས་དགུ་པའི་བར་ས་གནས་རྒྱུན་ལས་ཀྱི་ཚོགས་གཞོན་ལས་འགན་ཐོག་སྔ་རྗེས་ཐེངས་ལྔ་བསྟུད་མར་བྱ་མུས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཕྱི་དྲིལ་འགན་འཛིན་དང་ད་ལྟའི་སྐབས་ ༡༥ པའི་སྤྱི་འཐུས་ལས་ཐོག་བྱ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

 

མིང༌། ཚེ་རིང་ལྷ་མོ།

ཕྱི་ལོ་ ༡༩༦༩ ལོར་མདོ་སྨད་རྔ་བ་རྫོང་དུ་སྐྱེས། ལོ་ཆུང་སྐབས་ནས་རྫོང་གི་རྒྱ་ཡིག་སློབ་ཆུང་དང༌། སློབ་འབྲིང་བཅས་རིམ་གྱིས་འགྲིམས་ཏེ་ ༡༩༨༤ ལོར་སློབ་འབྲིང་མཐར་ཕྱིན། སླར་ཡང་རྔ་བ་རྫོང་དུ་གསར་བཙུགས་བོད་ཡིག་སློབ་འབྲིང་དུ་ལོ་གསུམ་ལ་སློབ་སྦྱོང་བྱས་ཏེ་མཐར་ཕྱིན། ཕྱི་ལོ་ ༡༩༨༧ ལོར་ཁམས་ཕྱོགས་སུ་གནས་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བསྐྱོད་དེ། ལོ་བཞིའི་རིང་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་སུམ་རྟགས་དག་གསུམ་དང་སྙན་ངག སྒྲ་རིག་པ་དང་ནང་དོན་རིག་པ་སོགས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལྔ་ལ་སློབ་སྦྱོང་བྱེད་པའི་སྐལ་བཟང་གི་གོ་སྐབས་ཐོབ། ༡༩༩༡ ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་རྗེས། རྔ་བ་རྫོང་གི་ཆབ་སྲིད་གྲོས་ཚོགས་ཀྱི་ལས་ཁུངས་སུ་ལས་བགོས་ཀྱིས་བོད་རྒྱ་ཡིག་བསྒྱུར་གྱི་ལས་ཀ་བྱས། ༡༩༩༢ ལོའི་ཟླ་ ༥ པར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་བྱུང༌། ༡༩༩༣ ལོར་བོད་གཞུང་གིས་རྒྱ་བོད་སྐད་གཉིས་ཤེས་པའི་གཞུང་ཞབས་གསར་འདེམས་ལ་ཡིག་རྒྱུགས་འཕྲོད་དེ། བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག གཙོ་བོ་བོད་གནས་ཉམས་ཞིབ་དང་ཡིག་བསྒྱུར་གྱི་ལས་ཀ་བྱས་ཤིང༌། སྐབས་དེར་མཁས་དབང་འཇམ་དཔལ་རྒྱ་མཚོས་བརྩམས་བྲིས་གནང་བའི་༼སློབ་དཔོན་ཆེན་པོ་པཎ་ཆེན་རིན་པོ་ཆེ།༽ཞེས་པའི་དེབ་བོད་བསྒྱུར་དང༌། དེ་རྗེས་ལས་གྲོགས་ཁ་ཤས་ལྷན་ྋཔཎ་ཆེན་སྐུ་གོང་མའི་༼ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་༽བོད་བསྒྱུར་ཐོག་མར་བྱས། ཕྱི་ལོ་ ༡༩༩༩ ལོར་ཐའེ་ཝན་དུ་བསྐྱོད་དེ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལོ་གཅིག་དང༌། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་གསར་འགོད་པ་ལོ་བདུན་ལ་བྱས། ཕྱི་ལོ་ ༢༠༠༨ ལོར་ཕྱིར་རྒྱ་གར་དུ་ལོག་ཅིང༌། ཐོག་མར་བདེ་སྲུང་དང་དེ་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་ལོ་དྲུག་དང༌། དེང་སྐབས་རྒྱ་ཡིག་སྡེ་ཚན་གྱི་དྲ་རྒྱ་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་མུ་མཐུད་སྒྲུབ་མུས་སོ།

 

མིང༌། ཡེ་ཤེས་སྒྲོལ་མ།

ཕྱི་ལོ་ ༡༩༧༡ ལོར་ཕ་བློ་བཟང་བསྟན་འཛིན་གྱི་བུ་མོར་བཞུགས་སྒར་རྡ་སར་སྐྱེས་ཤིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་དྲིན་ལ་བརྟེན་ནས་རྡ་ས་བོད་ཁྱིམ་སློབ་གྲྭ་འགྲིམས་ནས་སློབ་སྦྱོང་རིམ་ཐོན་བྱས། ཕྱི་ལོ་ ༡༩༩༦ ལོ་ནས་ ༡༩༩༩ བར་རྡ་ས་ས་གནས་བུད་མེད་ཚོགས་པའི་རྒྱུན་ལས་ལོ་ངོ་གསུམ་ཞབས་ཞུ་ཞུས། ༢༠༠༣ ལོར་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ལ་དངུལ་གཉེར་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ བར་ལོ་གསུམ་རིང་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱི་འབྲེལ་མཐུད་འགན་འཛིན་གྱི་ལས་ཁུར་ཞུས། དེ་བཞིན་ ཕྱྀ་ལོ་ ༢༠༠༥ ལོར་དབུས་བུད་མེད་ལྷན་ཚོགས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་བོད་རྒྱ་ཞི་མོལ་གང་མགྱོགས་ཡོང་བའི་ཆེད་དུ་དམིགས་ནས་རྒྱ་གར་གྲོང་ཁྱེར་ཆེ་ཁག་བཞིའི་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་སྐབས་ལྡེ་ར་ལྡུན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་མི་གྲངས་ ༡༧༠ ལྷག་གི་འགོ་ཁྲིད་དང་ཚོགས་གཙོའི་འགན་འཐུས་ཚང་ཞུས། གཞན་རྒྱ་གར་བྱང་ཤར་མངའ་ཁོངས་སུ་ཡོད་པའི་བོད་མི་འདུས་སྡོད་ས་གནས་ཁག་ ༡༨ ཙམ་ལ་དབུས་བུད་མེད་རྒྱུན་ལས་ཀྱི་ལས་དོན་སྒྲུབ་ཕྱོགས་དང་མ་འོངས་ལས་འཆར་སྐོར་སོགས་མི་མང་ལ་དྲིལ་བསྒྲགས་ཆེད་དུ་བསྐྱོད། ༢༠༠༦ ལོར་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ཡང་བསྐྱར་རྒྱུན་ལས་ལ་འདེམས་ཐོན་བྱུང་བ་བཞིན་ ༢༠༠༩ བར་ལས་ཁུར་ཞབས་ཞུ་ཞུས། ༢༠༠༧ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པར་འདེམས་ཐོན་བྱུང་བ་ལྟར་སྤྱི་འཐུས་ཀྱི་ལས་འགན་ཁུར། ༢༠༠༩ ཟླ་ ༡༡ ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་ཨི་ཊ་ལི་རྒྱལ་ས་རོམ་དུ་ཨི་ཊ་ལིའི་གྲོས་ཚོགས་ནང་འཚོགས་ཐུབ་བྱུང་བའི་ཚོགས་ཆེན་དེའི་གོ་སྒྲིག་གི་ཚོགས་ཆུང་ནང་ཞུགས་ཐུབ་པའི་གོ་སྐབས་བྱུང༌། ༢༠༠༩ ལོར་མདོ་སྨད་ཚོགས་ཆེན་ཐེངས་ ༡༤ ཐོག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ལ་འདེམས་ཐོན་བྱུང་བ་ལྟར་མདོ་སྨད་དབུས་རྒྱུན་སྐབས་བཅུ་བཞི་པའི་ཚོགས་གཙོའི་ལས་འགན་ཁུར། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་བཟུང་ཛ་དྲག་གི་གནས་སྟངས་ཇེ་ཆེར་བྱུང་བར་ཕྱི་ལོ་ ༢༠༡༡ ལོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་ནས་དགེ་འདུན་པ་བརྒྱ་ཐམ་པ་རྡ་ས་ནས་ལྡི་ལི་བར་སེར་བསྒྲངས་སྙན་སྐུལ་མཆོད་འབུལ་ཞེས་གོམ་བགྲོད་སྐབས་ཀྱི་ཚོགས་གཙོའི་ལས་འགན་ཁུར། བོད་ལྗོངས་མདོ་སྨད་ཆོལ་ཁའི་གོ་སྒྲིག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ྋསྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལ་འདེམས་ཐོན་བྱུང་བ་ལྟར་དངུལ་གཉེར་གྱི་ལས་འགན་ཁུར། ཕྱི་ལོ་ ༢༠༡༡ ལོ་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བར་འདེམས་ཐོན་བྱུང་བ་ལྟར་སྤྱི་འཐུས་ཀྱི་ལས་འགན་ཁུར་མུས་བཅས་སོ།

 

མིང༌། ཀླུ་ཚང་རྒྱ་རིགས་ཐར།

ཕྱི་ལོ་ ༡༩༧༢ ལོར་མདོ་སྨད་མང་ར་ཀླུ་ཚང་དུ་སྐྱེས། ༡༩༩༢ ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་ལོ་ངོ་ ༡༡ རིང་དགེ་རྒན་གྱི་ལས་ཀ་ཞུས། ༡༩༩༧ ལོར་ལས་ཞོར་དུ་མཚོ་སྔོན་སློབ་གསོ་སློབ་གླིང་གི་ཡིག་ཐོག་འཛིན་གྲྭར་ཞུགས་ཏེ་ ༢༠༠༡ ལོར་སློབ་མཐར་ཕྱིན། ༢༠༠༢ ལོར་རང་མི་རིགས་ཀྱི་བདེན་མཐའི་ལས་དོན་འབའ་ཞིག་གི་ཆེད་དུ་ཕ་མ་གཉེན་ཉེ་རྣམས་བསྐྱུར་ཏེ་རྒྱ་གར་དུ་ནང་མི་ལྔ་མཉམ་འཁྲིད་ཀྱིས་བཙན་བྱོལ་ལ་འབྱོར། ཕྱི་ལོ་ ༢༠༠༣ ནས་ ༢༠༡༡ བར་རྩོམ་སྒྲིག་གི་ལས་ཀ་གཉེར་ཏེ་ཁྱོན་དཔེ་དེབ་དང་དུས་དེབ་གྲངས་བཞི་བཅུ་ལྷག་གི་གཙོ་སྒྲིག་པ་དང༌། གཙོ་སྒྲིག་གཞོན་པ་སོགས་ཀྱི་ལས་འགན་ཁུར། ༢༠༠༦ ལོ་ནས་ ༢༠༡༠ བར་རྡ་ས་ས་གནས་འོས་བསྡུའི་ཚོགས་མི་དང༌། ཕྱི་ལོ་ ༢༠༠༩ ནས་ ༢༠༡༥ བར་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྤྱི་ཁྱབ་དྲུང་ཆེ་འགན་ཁུར་ལོ་ངོ་དྲུག་རིང་ཞུས། ྋགོང་ས་མཆོག་གི་ྋསྐུའི་གྱ་སྟོན་གྱི་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འདུ་འགོད་ཚོགས་ཆུང་གི་ཚོགས་མི་དང་རྩིས་པའི་འགན་ཁུར། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་དང་ལྷག་པར་དུ་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་ལ་གཞི་མེད་སྐུར་འདེབས་སྣ་ཚོགས་བྱེད་བཞིན་པར་དམིགས་ཏེ་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་གཅིག་དང༌། གཞན་ཡང་རྩོམ་པ་པོ་ཁག་ཅིག་དང་མཉམ་དུ་རྒྱ་གཞུང་གི་འཁྱོག་བརྗོད་ལ་དགག་ལན་དཔེ་དེབ་གཅིག་བཅས་པར་འགྲེམས་དང༌། རྒྱ་གཞུང་གི་འཁྱོག་བརྗོད་སྐུར་འདེབས་ཐད་དགག་སྒྲུབ་རྩོམ་ཡིག་གང་མང་བྲིས་ཏེ་བརྒྱུད་ལམ་སྣ་ཚོགས་ཐོག་འགྲེམས་སྤེལ་བྱས། དེ་བཞིན་སྤྱི་འཐུས་རྒྱུན་ལས་གྱི་ལས་འགན་ལོ་ངོ་གསུམ་རིང་ཁུར། བཅའ་ཁྲིམས་དོན་ཚན་ ༥༩ དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང༌། བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། བཀའ་སྤྱི་གཉིས་ཀྱི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་གི་ཚོགས་མི། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཐེངས་གཉིས་ཀྱི་ཚོགས་མི་དང་ཐེངས་གཅིག་གི་ཚོགས་དྲུང༌། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ལྔ་པའི་ཚོགས་མི་དང་སྐབས་བདུན་པའི་ཚོགས་དྲུང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཏོན་གནང་མཛད་པའི་སསབཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པཨཨདེབ་སྟོད་སྨད་གཉིས་ཀྱི་ལག་བསྟར་རྩོམ་སྒྲིག་པ་སོགས་ཀྱི་ལས་འགན་ཁུར་ཡོད་པ་བཅས་སྤྱི་འཐུས་རྒྱུན་ལས་ཀྱི་ཞུ་སྒོ་ཁག་མུ་མཐུད་ཞུ་མུས་ཡིན་པའི་ལོ་རྒྱུས་མདོར་བསྡུས་སོ།།

 

མིང༌། བློ་བཟང་ཆོས་འབྱོར།

ཕྱི་ལོ་ ༡༩༨༢ ལོར་མདོ་སྨད་རེབ་གོང་བཙན་མོ་ཡར་སྟེང་ཞེས་པ་བོད་ཀྱི་མིའུ་གདུང་དྲུག་ལས་ཨ་ཕོ་ལྡོང་གི་རུས་སུ་གཏོགས་པའི་ཚོ་སྡེའི་ཁ་ཡག་ཨ་གོ་ཚང་ཞེས་མི་རབས་རིམ་བརྒྱུད་ཀྱི་གྲགས་པ་ཅུང་ཆེ་ཐང་དུ་ལྡན་པའི་རྒྱུད་ཀྱི་ཁྱིམ་ཚང་ཞིག་ལ་སྐྱེས་ཤིང༌། སློབ་ལོ་རན་པ་ནས་ས་གནས་སློབ་ཆུང་དང་རྫོང་མི་རིགས་སློབ་འབྲིང་གཉིས་པ་བཅས་སུ་བསླབ་པ་མཐར་སོན་རྗེས། ྋརྡོ་རྗེ་འཆང་མ་ནི་བ་འཇིགས་མེད་ཤེས་རབ་གྲགས་པ་མཆོག་དང་ྋརྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་མཁས་གྲུབ་གཉིས་ལྡན་གྱི་དམ་པ་དུ་མའི་གདན་ས་རྫོང་དཀར་ཐོས་བསམ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆོས་ཞུགས་ཀྱིས་ནང་དོན་རིག་པར་ཐོས་བསམ་ལ་བརྩོན་པའི་མུར། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་ཞིང༌། བྱེས་སུ་འབྱོར་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་འབྲེལ་བཞིན་མཚན་ཉིད་སློབ་གྲྭར་སློབ་འཇུག་གིས་མུ་མཐུད་གཞུང་ཆེན་སློབ་གཉེར་དང༌། དེ་མཚམས་ྋགོང་ས་ཆེན་པོའི་བྱམས་བརྩེའི་བཀའ་འབྲེལ་བསྐྱར་མར་ནོད་པ་ལྟར། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྲགས་ཅན་གྱི་སློབ་གླིང British Council ཞེས་པར་ལོ་གཅིག་རིང་ཨིན་ཡིག་ཆེད་སྦྱོང་གི་སྐལ་བཟང་བྱུང༌། དེ་རྗེས་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་འབྲི་རྩོམ་ཚན་པའི་གཞུང་འབྲེལ་ཡིག་ཚགས་ཞིབ་འཇུག་གི་ཆེད་ལས་ཉམས་ཞིབ་ཀྱི་སྐབས་ཏེ། ཕྱི་ལོ ༢༠༠༩ ལོར་ཐའེ་ཝན་གྱི་ཏཱན་ཅང་སློབ་གྲྭ་ཆེན་མོའི་སྐད་ཡིག་ཚན་པར་ྋསྐུའི་བཀའ་འབྲེལ་ལྟར་རྒྱ་ཡིག་སློབ་གཉེར་ལ་བསྐྱོད་ཅིང༌། ཕྱིར་རྒྱ་གར་དུ་འབྱོར་མཚམས་སྐབས་བཅུ་གསུམ་པའི་དཔལ་ལྡན་བཀའ་ཤག་གིས་རྒྱ་ནག་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་སུ་བསྐོས་པ་ལྟར། གཟབ་བཅགས་རྒྱུན་འཁྱོངས་ཀྱི་གྲུབ་འབྲས་ལ་སྐབས་ཐོག་བཀའ་ཁྲི་མཁས་དབང་ྋསྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་ཞབས་ཀྱི་ཚད་མཐོའི་བསྔགས་བརྗོད་བཀའ་ཡིག་ཐོབ། ཕྱི་ལོ་ ༢༠༡༢ ནས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་གཞི་རྩའི་ལས་དོན་གྱི་ཚབ་མཚོན་མི་སྣའི་འགན་ཁུར་བླངས་ཏེ་བོད་ཕྱི་ནང་གཉིས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ཤུགས་ཆེའི་དྲིལ་བསྒྲགས་དང༌། གོ་རྟོགས་ཁྱབ་སྤེལ་ཞུས་ཏེ་སྲིད་བྱུས་འདི་བཞིན་མང་ཚོགས་ཅན་དང་ལག་ལེན་ཅན་དུ་བསྒྱུར་བར་རང་ནུས་གང་ཡོད་བཏོན་དང་འདོན་བཞིན་པའི་སྐབས། ྋགོང་ས་ཆེན་པོའི་བཀའ་འབྲེལ་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མདོ་དབུས་ཁམས་གསུམ་སོ་སོའི་སྲིད་དོན་ལོ་རྒྱུས་རྩོམ་འབྲི་ཞིབ་འཇུག་ལས་འཆར་ཆོལ་ཁ་སོ་སོར་བཀོད་མངགས་གནང་བ་ལྟར། མདོ་སྨད་སྲིད་དོན་ལོ་རྒྱུས་ཀྱི་ཞིབ་འཇུག་གི་ལས་དོན་ཞུ་མུས། སྔ་ཕྱིའི་ལས་ཀའི་ཞོར་དུ་༼ སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ་༽དང༌། ༼ཆབ་སྲིད་དཔྱད་གླེང་༽ སོགས་བོད་རྒྱའི་ཆབ་སྲིད་དཔྱད་བརྗོད་དང༌། སྙན་རྩོམ་བདམས་བཏུས་ཀྱི་དཔེ་དེབ་ཁ་ཤས་རྩོམ་འབྲི་བྱས་པ་མ་ཟད། བོད་ཕྱི་ནང་གི་དུས་དེབ་དྲ་ཚོམས་མང་པོར་རྩོམ་ཡིག་འདྲ་མིན་སྤེལ་བ་ལས། དམ་སྲི་དོལ་ཚོགས་ཀྱི་ངན་མཚང་ཐེར་འདོན་དང༌། ྋགོང་ས་ཆེན་པོར་གཞི་མེད་མཚན་སྨད་ཞུ་མཁན་མི་ལུས་གདོན་འཕྲུལ་ཅན་རེ་ཟུང་ཡོད་པར་རྒོལ་བ་མཐའ་གཅིག་ཏུ་བྱས་རྐྱེན་གཞིས་ཀྱི་གཉེན་ཉེ་དང་དོ་བདག་ཁོ་བོར་མངོན་ལྐོག་འཇིགས་སྐུལ་བྱས་པ་སོགས་བློ་ལ་མི་ཤོང་བའི་ཆག་སྒོའང་བྱུང་བ་བཅས་ནི་ཁོ་བོའི་ལོ་རྒྱུས་མདོར་བསྡུས་སོ།།

 

མིང༌། དོན་འགྲུབ་བཀྲ་ཤིས།

ཕྱི་ལོ་ ༡༩༨༠ ལོར་མདོ་སྨད་བླ་བྲང་དུ་སྐྱེས། ཆུང་དུས་ཕྱུགས་རྫིའི་ཞོར་དུ་སློབ་སྦྱོང་བྱས་ཏེ་གྲུབ་འབྲས་འབུར་ཐོན་བླངས་སྟབས། ཕ་མའི་རྒྱབ་སྐྱོར་འོག་ ༡༩༩༦ ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ། ནང་དོན་རིག་པ་དང་སྒྲ་སྙན་སྨན་རྩིས་སོགས་ལ་སློབ་གཉེར་བྱས། སྐབས་དེར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་དང༌། གཙོས་མི་རིགས་དགེ་ཐོན་སློབ་གྲྭ་སོགས་སུ་ཟུར་ཞུགས་ཀྱིས་བརྡ་རྙིང་དང་བོད་ཀྱི་སྐད་བརྡ་རིག་པར་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༠ ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་ཆེད་སྦྱོང་ཞིབ་འཇུག་སྡེ་ཚན་དུ་ཞུགས་ཏེ། ནུབ་ཕྱོགས་མཚན་ཉིད་རིག་པ་དང་དེང་རབས་སྤྱི་ཚོགས་རིག་པར་སློབ་སྦྱོང་གི་ཞོར་དུ་<<བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པའི་མ་ལག་གསར་འཛུགས།>>ཞེས་པ་དང༌།<<སློབ་མའི་རང་མོས་གླེང་སྟེགས།>>སོགས་གསར་འཛུགས་སྣེ་འཁྲིད་བྱས། ༢༠༠༢ ལོར་རྒྱ་གར་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་དང་གློག་ཀླད་སོགས་ལ་སློབ་སྦྱོང་གི་ཞོར་དུ་སློབ་གྲྭའི་རྩོམ་སྒྲིག་པ་དང་བོད་ཡིག་དགེ་རྒན་བྱས། ༢༠༠༧ ལོ་ནས་བོད་ཀྱི་དུས་བབ་གསར་འགོད་པ་དང༌། ༢༠༡༠ ལོ་ནས་རྩོམ་སྒྲིག་པའི་ལས་ཀ་བྱེད་མུས་ཡིན། ༢༠༠༧ ནས་ ༢༠༡༠ ལོའི་བར་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང༌། ༢༠༠༨ ལོ་ནས་མདོ་སྨད་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གི་རྩོམ་སྒྲིག་པ་བཅས་ཡིན་ཞིང༌། དེ་སྔ་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་དཔྱད་རྩོམ་དང༌། སྲིད་དོན་དབྱེ་ཞིབ་སོགས་བརྒྱ་ཕྲག་བརྒལ་བ་སྤེལ་ཡོད།

 

མིང༌། དབྲ་ཙ་བསོད་ནམས་ནོར་བུ།

ཕ་དམ་པ་དབྲ་ཙ་བསྟན་པ་ཆོས་རྒྱལ་དང་མ་ཉུང་མེད་གཉིས་ཀྱི་བུ་དབྲ་ཙ་བསོད་ནམས་ནོར་བུ་ནི་སིམ་ལའི་མངའ་ཁོངས་ཊོ་ལན་ཇིར་སྐྱེས་ཁོང་གི་ཡབ་ནི་ཆུ་བཞི་སྒང་དྲུག་ནང་འཛུལ་བཞུགས་ཀྱིས་ཕྱག་ལས་གནང་མྱོང་ཡོད་པ་དང༌། དབྲ་ཙ་བསོད་ནམས་ནོར་བུ་ནི་སིམ་ལའི་གཏན་འཇགས་སློབ་གྲྭར་སློབ་གཉེར་དང་རྩེད་འགྲན་གང་ཅིའི་ཐད་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད་པ་མ་ཟད། ཁོང་གི་སྟངས་འཛིན་དང་ཀུན་སྤྱོད་རང་གཤིས་ལ་གཞིགས་ཏེ་སློབ་གྲྭའི་རྒན་བདག་སོགས་ལས་རིགས་མང་པོར་བསྐོ་གཞག་གནང་ཡོད། འཛིན་རིམ་བཅུ་གཉིས་ཀྱི་བསླབ་པ་མཐར་སོན་རྗེས་ཅན་དྷི་སྒར་གྱི་པཱན་ཇབ་མཐོ་སློབ་ཆེན་མོར་འཛུལ་ཞུགས་བྱས་ཏེ་དེར་མུ་མཐུད་བསླབ་པ་སློབ་གཉེར་དང་མཐོ་སློབ་ཀྱི་བྱེད་སྒོ་འདྲ་མིན་ཐད་སྦྱངས་པ་མཐར་སོན་བྱུང་ཡོད། ཁྱད་པར་དུ་ཕ་དམ་པས་སྐུ་ཚེའི་སྨད་དེ་སྤྱི་ཚོགས་ཞབས་ཞུའི་ཐད་ཇི་ལྟར་བཏང་གནང་བ་ལྟར། བསོད་ནམས་ནོར་བུས་ཀྱང་མཐོ་སློབ་ནས་བཟུང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་ཞུགས་གནང་ཡོད། ཕྱི་ལོ ༢༠༡༠ ནས་བཟུང་ཁེ་ན་ཌའི་དངུལ་ཁང་ (Royal Bank of Canada) ནང་དུ་སྣེ་ཁྲིད་རྒན་པའི་མཚན་རྟགས་བཞེས་ཏེ་ཕྱག་ལས་གནང་གི་ཡོད། དེའི་གོང་ལོ་ངོ་བཞིའི་རིང་ཨ་རིའི་དཔལ་འབྱོར་གྱི་ཚོགས་པར་ (FMCA) ཕྱག་ལས་གནང༌། དེ་བཞིན་ཁོང་རྒྱ་གར་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་དང་འབྲེལ་བ་ཡོད་ལ། དེ་དག་བརྒྱུད་ཁོང་གིས་ཉམ་ཐག་ཕྲུ་གུ་དང་རྒན་གྲས་རྣམས་ལ་དང་བླངས་ཀྱི་ཐོག་ནས་ཤེས་ཡོན་གྱི་སློབ་འཁྲིད་འབུལ་གྱི་ཡོད། ཁོང་གི་ཤེས་ཡོན་དང་ཉམས་མྱོང་ཕུན་སུམ་ཚོགས་པར་བརྟེན་བོད་པ་དང་རྒྱ་གར། ཕྱི་རྒྱལ་གྱི་ཁོར་ཡུག་འདྲ་མིན་ནང་དཀའ་ཚེགས་མེད་པར་ཕྱག་ལས་གནང་ཐུབ་ཀྱི་ཡོད་པ་བཅས་ངོ་སྤྲོད་མདོར་བསྡུས་སོ།།

 

མིང༌། ཀརྨ་དགེ་ལེགས།

ཕ་ཡུལ། བྱ་ཁྱུང། སྡོད་གནས། བྷན་རྡ་ར། ལས་གནས། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ། སྐྱེས་ཚེས་ ༡༩༦༢།༠༡།༠༡ ད་ལྟའི་ལས་གནས་ ༡། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ། ༢། མདོ་སྨད་དབུས་རྒྱུན་གྱི་བདེ་དོན་འགན་འཛིན། ༣། ས་གནས་འཐུས་ཚོགས་ཚོགས་གཞོན། ༤། ས་གནས་དྭང་ཟུར་སྐྱིད་སྡུག་ཚོགས་གཙོ། འདས་པའི་ཉམས་མྱོང༌། ༡། ༡༩༨༥ ལོར་མ་སུ་རི་གཏན་སློབ་ནས་གཞི་རིམ་འཛིན་གྲྭ་ ༡༢ ཐོན། ༢། ༡༩༨༥ ནས་ ༡༩༩༧ བར་དྭང་སློབ་དམག་སྒར་ནང་འཛུལ་ཞུགས་བྱས་བརྒྱ་ཤོག་དང་རུ་ཤོག་གཉིས་ཀྱི་དྲུང་ཡིག་ལས་འགན་ཞུས། ༣། ལོ་ ༡༨ རིང་ས་གནས་གྲོས་ཚོགས་འཐུས་མི་དང་ ༡༩༩༨ ནས་ ༢༠༡༠ བར་ལོ་ ༡༢ རིང་བསྟུད་མར་ཚོགས་གཙོ་བྱས། ༤། ༡༩༩༥ ནས་ ༡༩༩༦ བར་ལོ་གཉིས་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་སྲུང་བྱས། ༥། མདོ་སྨད་དབུས་རྒྱུན་སྐབས་གསུམ་ཕྱི་ལོ་ ༢༠༠༩། ༢༠༡༢། ༢༠༡༥ བཅས་སུ་བསྟུད་མར་འོས་འདེམས་བྱུང་བ།

༦། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་སྐབས་གཉིས་ ༢༠༠༩ དང་ ༢༠༡༥ བསྟུད་མར་འོས་འདེམས་བྱུང་བ། ལས་དོན་ཇི་བྱས༌། ༡། ས་གནས་འཐུས་ཚོགས་ཀྱི་སྒྲིག་གཞི། ས་གནས་སྔོན་རྩིས་སྒྲིག་གཞི། གཞིས་མིའི་སྒྲིག་གཞི། ས་འཐུས་རྒྱུན་ལས་སྒྲིག་གཞི། སྤྱི་མིའི་སྒྲིག་གཞི་བཅས་གཏན་འབེབས་ཞུས་ཐུབ་པ་བྱུང་ཡོད། ༢། ༢༠༡༥ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་ྋསྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་ལས་འགན་བྱས། ༣། ༢༠༡༥ ལོར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ལས་ཁུངས་ལུ་དྷི་ཡ་ན་གསར་འཛུགས་དང་ལས་བྱེད་བུད་མེད་གཅིག་བསྐོ་གཞག་ཞུས། ལོར་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དང་འཛིན་ཆས་རོགས་དངུལ་ཐབས་འཚོལ་གྱིས་གསར་རྒྱག་ཞུས། འདས་པའི་ལོ་ ༢༦ ལྷག་ཙམ་རིང་སྤྱི་དོན་གཞན་ཕན་ལྷག་བསམ་ཕྱུག་མེད་ཀྱི་རང་ནུས་གང་འཇོན་ཞུ་ཁུལ་ཡིན་པས། མདོ་སྨད་མི་མང་ཡོངས་ནས་གུས་པར་སྔོན་འགྲོའི་འོས་བསྡུའི་སྐབས་རྒྱབ་སྐྱོར་གནང་བ་ལ་ད་རེས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་དངོས་གཞིའི་འོས་བསྡུའི་སྐབས་སླར་ཡང་རྒྱབ་སྐྱོར་གནང་བའི་ཡིད་ཆེས་ཡོད་ལ་མང་ཚོགས་ཀྱི་མངོན་འདོད་དང་བསམ་འཆར་ཡིད་ཆེས་འགན་བསྐུར་དེ་དག་འགྲུབ་ཐུབ་པའི་གདེང་སྤོབས་དང་ལངས་ཕྱོགས་བརྟན་པོ་ཡོད།

 

མིང༌། ཚེ་རིང་གཡུ་སྒྲོན།

ཕྱི་ལོ་ ༡༩༨༢ ནས་ ༡༩༩༡ བར་ལོ་དགུ་ཙམ་གྱི་རིང་མ་ར་ཌ་རོགས་ཚོགས་ལས་ཁང་ནང་ཞབས་ཞུས་ཀྱིས་དེར་ལོ་གསུམ་དྲུང་ཡིག་ལས་འགན་དང༌། ལོ་གསུམ་ལས་འཆར་འགན་འཛིན་ཞབས་ཞུ་དང༌། ལོ་གསུམ་རིང་གློག་ཀླད་སྡེ་ཚན་དང་སྦྱིན་བདག་འབྲེལ་མཐུད་སྡེ་ཚན་ནང་ཞབས་འདེགས་ཞུས། ཕྱི་ལོ་ ༡༩༩༡ ནས་ ༢༠༠༠ བར་རབ་གླིང་གཞིས་ལས་ཁང་དུ་ལས་འཆར་སྡེ་ཚན་གྱི་འགན་འཛིན། Project Officer ལོ་དགུ་ཙམ་ཞུས། དེ་དང་ཆབས་ཅིག་ཕྱི་ལོ་ ༡༩༩༡ ནས་ ༡༩༩༤ བར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང༌། དེའི་རྗེས་སླར་ཡང་ ༡༩༩༨ ནས་ ༢༠༠༥ བར་སྐབས་གཉིས་བསྟུད་མར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིའི་ཞབས་ཞུ་བྱས། སྐབས་དེ་དག་སྟེ་ཕྱི་ལོ་ ༡༩༩༥ ནས་ ༡༩༩༧ བར་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་ཡང་ཆབས་ཅིག་ཞུས། དེའི་སྐབས་ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་ཁུར་ལོ་གསུམ་དང༌། ཡང་ཕྱི་ལོ་ ༢༠༠༠ ལོ་ནས་ ༢༠༠༢ ལོ་བར་ས་གནས་ཕ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། དེ་དང་མཉམ་དུ་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་སྐབས་གཉིས་བསྟུད་མར་ཞབས་འདེགས་ཞུས་ཏེ། ཕྱི་ལོ་ ༢༠༠༡ ནས་ ༢༠༠༤ ལོ་དཀྱིལ་བར་ས་གནས་གཞོན་ནུའི་རྒྱུན་ལས་སུ་དངུལ་གཉེར་དང༌། ༢༠༠༤ ཟླ་ ༦ པ་ནས་ས་གནས་གཞོན་ནུའི་ཚོགས་གཞོན་གྱི་ལས་འགན་ཞུས་ཏེ།

ཞབས་ཞུ་སྐབས་སོ་སོར་འཆར་འཕར་གྱི་ལས་འགུལ་མང་དག་ཅིག་སྤེལ་ཙམ་ཞུས་ཏེ་གྲུབ་འབྲས་ཀྱང་གང་ལེགས་སོན་ཡོད། ཕྱི་ལོ་ ༢༠༠༥ ཟླ་ ༤ ནས་ཧུན་སུར་རབ་གླིང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་སུ་མི་མང་གིས་འདེམས་ཐོན་བྱུང་ཞིང༌། དེའི་ཚོགས་གཙོར་འོས་འདེམས་བྱུང་སྟེ་ཞབས་ཞུ་བྱས། ཕྱི་ལོ་ ༢༠༠༦ ཟླ་ ༦ ནས་སྐབས་བཅུ་ཞི་པའི་བོད་མི་མང་སྤྱི་འཐུས་དང༌། ད་ལྟ་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།

མིང་། དགེ་བཤེས་གངས་རི།

ཕྱི་ལོ་ ༡༩༨༢ ཟླ་ ༡༠ ཚེས་ ༢༢ ཉིན་འཁྲུངས་ཤིང་། ཕྱི་ལོ་ ༢༠༠༥ ནས་བཟུང་བོད་བསྟན་སྲིད་ཀྱི་ཆེད་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་གཞོན་དང་དྲུང་ཆེ། མོན་གྷོ་ས་གནས་གྲོས་ཚོགས་སོགས་ཀྱི་འགན་ཁུར་མང་པོ་ཞིག་ཁུར་ཡོད་པ་མ་ཟད། བོད་དོན་དྲིལ་བསྒྲགས་ཆེད་ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་རྒྱལ་ཡོངས་སུ་རྐང་འཁོར་སྐོར་སྐྱོད་དང་གོམ་བགྲོད། ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་མང་པོ་ཞིག་གི་འགན་ཁུར་གཙོ་ཁུར་ཞུས་ཏེ་སྤེལ་ཡོད། ཕྱི་ལོ་ ༢༠༡༡ ལོར་དཔལ་ལྡན་འབྲས་སྤུངས་ནས་དགེ་བཤེས་དམ་བཅའ་བཞག ཡང་ཕྱི་ལོ་ ༢༠༡༠ ལོར་བཀའ་སྤྱི་གསར་འདེམས་སྐབས་ཀྱི་དགོས་བབ་དང་བསྟུན་བོད་མི་མང་སྤྱི་འཐུས་ཞེས་པའི་གསར་ཤོག་ཅིག་འདོན་སྤེལ་གྱིས་རྩོམ་སྒྲིག་དང་འགྲེམ་སྤེལ་གནང་ཡོད་ལ། སྔ་ཕྱིར་གསར་ཤོག་དང་དུས་དེབ། དྲ་ལམ་ཁག་ཏུའང་། སྤྱི་ཚོགས་དཔྱད་གླེང་དང་འབྲེལ་བའི་རྩོམ་ཡིག་མང་དག་ཅིག་སྤེལ་ཡོད། མོན་གྷོ་མདོ་སྨད་ས་གནས་རྒྱུན་ལས་ཚོགས་གཙོ་ནས་བཟུང་མདོ་སྨད་དབུས་རྒྱུན་སྐབས་བཅོ་ལྔ་པའི་རྒྱུན་ལས་དང་མཉམ་དུ་༧སྐུའི་གྱ་སྟོན་ཚོགས་ཆུང་དུ་ལོ་གསུམ་ལ་འགན་ཁུར་ཞུས། དེ་རྗེས་དབུས་རྒྱུན་སྐབས་བཅུ་དྲུག་པའི་ཚོགས་གཙོའི་འགན་ཁུར་ཡོད་པ་མ་ཟད། ད་ལྟའི་སྐབས་བཅུ་བདུན་པའི་མདོ་སྨད་དབུས་རྒྱུན་ཚོགས་གཙོའི་འགན་ཁུར་ཡང་ཞུ་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

མིང་། བསོད་ནམས་དབང་མོ།

སྤྱི་འཐུས་བསོད་ནམས་དབང་མོ་མཆོག་ནི་ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་ཕ་སྟག་ལུང་དགེ་འདུན་བླ་མ་དང་། མ་ཚེ་རིང་མཚོ་གཉིས་ཀྱི་བུ་མོར་འཁྲུངས་ཤིང་། ཐོག་མར་རྒྱ་གར་ར་ཇཱ་ རམ་ མོ་ཧན་ རོཡེ་(Raja Ram Mohan Roy Academy School,Dehradun) སློབ་གྲྭ་འགྲིམས་པ་དང་། རིམ་པས་ཌི་ཨེ་ཝི་ (DAV (PG) College,Dehradun) མཐོ་སློབ་དང་། ཨིག་ནོ་ (IGNOU) གཙུག་ལག་སློབ་གཉེར་ཁང་བཅས་ལ་སློབ་སྦྱོང་གནང་ནས་ཕྱི་ལོ་ ༢༠༡༩ ལོར་ཨིན་ཡིག་སློབ་ཚན་ཐོག་སློབ་དཔོན་ཆེན་མོའི་ལག་འཁྱེར་བླངས་ཡོད། དེ་ནས་རྒྱ་གར་མཐོ་སློབ་ (Account Age) ནས་ (Diploma in Accountancy) རྩིས་དང་། གློག་ཀླད་སོགས་ཀྱི་ཐོག་ལ་ཆེད་ལས་ལག་འཁྱེར་ཐོབ་ཡོད། ད་ལྟ་ (Unison World School, Administration Department) ཞེས་པའི་སློབ་གྲྭའི་ནང་རྒྱལ་སྤྱིའི་སློབ་གྲྭའི་མཐུན་སྦྱོར་གྱི་ཕྱག་ལས་གནང་བཞིན་ཡོད། རྒྱ་གར་མཐོ་སློབ་ཁག་ནས་སློབ་མཐར་ཕྱིན་རྗེས། བོད་མི་རིགས་ལ་ཞབས་ཞུ་སྒྲུབ་འདོད་ཡོད་པ་ལྟར། དོན་གྲུབ་གླིང་གཞིས་ཆགས་ཀྱི་སློབ་གྲྭའི་ནང་ལོ་བཞིའི་རིང་ཨིན་ཡིག་དགེ་རྒན་གྱི་ཞབས་འདེགས་ཞུས་པ་དང་། དེ་ནས་ཕྱི་ལོ་ ༡༩༩༧ ནས་ ༢༠༠༢ བར་སྡེ་ར་ལྡུན་མདོ་སྨད་ས་གནས་རྒྱུན་ལས་དང་། དོན་གྲུབ་གླིང་ས་གནས་གྲོས་ཚོགས་ཀྱི་ཚོགས་མིའི་ལས་འགན་གཅིག་ལྕོགས་གནང་བ་མ་ཟད། ས་གནས་འོས་བསྡུའི་འཐུས་མི་ལོ་ལྔ་དང་འོས་བསྡུའི་ཚོགས་གཙོའི་འགན་ཡང་ཁུར་མྱོང་ཡོད། ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ བར་མདོ་སྨད་དབུས་རྒྱུན་ལས་ཀྱི་དཔལ་འབྱོར་འགན་འཛིན་དང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་མདོ་སྨད་དབུས་རྒྱུན་གྱི་དྲུང་ཆེ། མདོ་སྨད་དབུས་རྒྱུན་ཡིག་ཚང་གི་རྒྱུན་བཞུགས་ལས་བྱེད། དེ་བཞིན་མདོ་སྨད་ཨ་ཁུ་པད་མ་ཟློས་གར་ཚོགས་པའི་འགན་འཛིན་སོགས་ཀྱི་ཞབས་ཞུ་སྒྲུབ་ཡོད་པ་བཅས། །

 

མིང༌། ཐུབ་བསྟན་དབང་ཆེན།

ཕྱི་ལོ་ ༡༩༥༤ ལོར་སྐྱིད་གྲོང་དུ་སྐྱེས། རྒྱ་གར་དུ་བཙན་བྱོལ་སླེབས་རྗེས་ཌལ་ཧོ་སི་བོད་གཞུང་གཏན་སློབ་ཏུ་སློབ་སྦྱོང་བྱས། ༡༩༧༠ ལོར་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲ་ཚང་དུ་ཆོས་བཞུགས་བྱས། ༡༩༨༢ ལོར་སི་སྤན་རྒྱལ་ཁབ་ཏུ་ཀླུ་སྒྲུབ་ཆོས་ཚོགས་ཀྱི་སྐད་བསྒྱུར་ཆེད་མགྲོན་འབོད་ལྟར་ཕྱིན། ཕྲན་རང་སི་སྤེན་རྒྱལ་ཡོངས་ནང་བོད་མི་ཐོག་མ་དེ་ཆགས་ཀྱི་ཡོད་འདུག ༡༩༩༤ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་༼བོད་ཁང་༽ དབུ་འབྱེད་བཀའ་དྲིན་བསྩལ་གནང་མཛད། དེ་ནས་བཟུང་ད་བར་བོད་ཀྱི་ཆོས་དང་རིག་གཞུང༌། བོད་ཀྱི་རྩ་དོན་དང་ཆབ་སྲིད་དེ་བཞིན་འགྲོ་བ་མིའི་ཐོབ་ཐང༌། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་ཁང་ནང་རྒྱ་ནག་གཞུང་དང་རྒྱ་ནག་དཔོན་རིགས་འགའ་ཤས་ལ་ནག་ཉེས་ཁྲིམས་གཏུགས་བྱས་ཐུབ་པ་བྱུང་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སི་སྤན་རྒྱལ་ཁབ་ནང་ཐེངས་ཁ་ཤས་གདན་འདྲེན་ཞུ་ཐུབ་པའི་སྐལ་བཟང་གོ་སྐབས་ཐོབ་ཡོད། ༢༠༡༡ ལོར་ཡུ་རོབ་ནང་གནས་སྡོད་བོད་རིགས་རྣམས་ནས་ཡིད་ཆེས་བློས་གཏད་ཞུས་ཏེ་སྐབས་བཅོ་ལྔ་པའི་ཡུ་རོབ་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་དང༌། ༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ་དང་བོད་ཀྱི་རྩ་དོན་ཆེད་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་ཐོབ་པ་དང་གུས་པར་ཡིད་ཆེས་དང་རྒྱབ་སྐྱོར་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མ་ཟད་དེང་སྐབས་བོད་རིགས་སྤུན་གྲོགས་མང་པོ་ཞིག་ནས་རེ་བསྐུལ་ཞུས་དང་ཞུ་བཞིན་པར་བརྟེན་སྐབས་ ༡༦ པའི་ཡུ་རོབ་སྤྱི་འཐུས་སུ་བསྐྱར་དུ་ལངས་རྒྱུའི་ཐག་གཅོད་ཟིན་པ་དང་བཅས་ལོ་རྒྱུས་སྙིང་བསྡུས་སོ།།

 

མིང༌། ཟམ་མདོ་བྱམས་པ་ཚེ་རིང༌།

དབུས་བོད་ཀྱི་ཆེས་མཐོའི་སློབ་ཁང་ནས་བསྟན་བཅོས་ལག་འཁྱེར་དང༌། ༡༩༩༨ ལོར་སློབ་དཔོན་གྱི་ལག་འཁྱེར་ཐོབ། ༡༩༩༩ དང་ ༢༠༠༠ ལོའི་ནང་སུད་སིར་ཟླ་བ་བཅོ་ལྔའི་རིང་འཇར་མན་སྐད་ཡིག་སློབ་གྲྭར་བསྐྱོད། ༢༠༠༡ ནས་ ༢༠༠༤ བར་གྱི་ལོ་ངོ་གསུམ་རིང་སུད་སི་དང་ལིཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཙོའི་ལས་འགན་ཐོག་མི་མང་གི་ཞབས་ཞུ་ཞུས། ༢༠༠༠ ནས་ ༢༠༠༥ བར་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་རྩིས་ཞིབ་པའི་ལས་འགན་ཞུས། ༢༠༠༥ ལོའི་ཟླ་བ་བརྒྱད་པའི་ནང་ཉིན་གཉིས་རིང་དང༌། ༢༠༡༣ ཟླ་བ་བཞི་པའི་ཚེས་ ༡༢ ཉིན་ཡུ་རོབ་ཁུལ་ཡོད་བོད་ཀྱི་ནང་ཆོས་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་གོ་སྒྲིག་ཞུས། ཕྱི་ལོ་ ༢༠༠༦ ནས་ ༢༠༡༤ ལོ་དཀྱིལ་བར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིའི་འགན་བཞེས། ཕྱི་ལོ་ ༢༠༠༥།༡༡།༡༩ ནས་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་ཚོགས་གཞོན་གྱི་ལས་འགན་ཞུ་མུས། ཕྱི་ལོ་ ༢༠༡༠ ནས་རི་ཀོན་ཚོགས་ཆུང་གི་བོད་དྲུང་བྱ་མུས། ཕྱི་ལོ ༢༠༠༤ ནས་རི་ཀོན་ཚོགས་ཆུང་གི་བོད་ཡིག་སློབ་འི་བོད་དགེ་བྱེད་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

 

མིང༌། པདྨ་ཕྱག་མཛོད་ཚང༌།

ཕ་དམ་པ་སྤྲུལ་སྐུ་སྒོ་མོ་རིན་པོ་ཆེ་དང་མ་ལྷ་སྐྱིད་གཉིས་ཀྱི་རྒྱུད་ཚར་བོད་དུ་སྐྱེས་ཡོད་ཀྱང་དགྲ་བོས་བཙན་འཛུལ་གྱིས་རྐྱེན་པས་མི་ཡུལ་རྒྱ་གར་མ་སུ་རི་བུ་ཕྲུག་ཁྱིམ་སྡེའི་ནང་ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་ཚར་ལོངས་དང་མཐར་ཡི་ཤུའི་སློབ་གྲྭ་ Waverly Convent ཞེས་པ་ནས་ཐོན་པ་ཞིག་ཡིན། འདས་པའི་མི་ལོ་ ༣༥ རིང་རང་རེའི་རྩ་དོན། སྤྱི་ཚོགས་ཞབས་ཞུ། ཨ་རིའི་གཞུང་གི་ལས་ཀ་ཁྱད་ལས་ཉམས་མྱོང་དང་བསྒྲུབས་འབྲས་ཐོན་པ་མདོར་བསྡུས་ནི། ཕྱི་ལོ་ ༡༩༧༨ ནས་ ༡༩༨༣ མ་སུ་རི་བུ་ཕྲུག་ཁྱམ་སྡེའི་ཡིག་ཚང་ནང་ལས་འཁུར་ཐོག་མ་ཞུས། ཕྱི་ལོ་ ༡༩༨༥ ནས་ད་བར། ཡུ་ཊ་མངའ་སྡེའི་གཞུང་གི་ལས་བྱེད་པ་ཡིན་ཞིང༌། སྡེ་ཚན་འདྲ་མིན་ནང་འགན་གནས་ཡོད་པའིལས་ཀའི་འགན་འཁུར་ཞུས་དང་ཞུ་མུས་ཡིན། ༡༩༩༡ ལོར། འདི་ག་ཡུ་ཊར་བོད་མིའི་ཁྱིམ་ཚང་གཅིག་པུ་ཡོད་པ་ནས་རང་གཞུང་དང་མི་མང་གི་ཞབས་འདེགས་ཆེད་རང་ཉིད་དང་དུ་བླངས་ནས་གཞིས་སྤོས་པ་མི་གྲངས་ ༧༥ ལྷག་ལ་འཕྲལ་སེལ་སྦྱིན་བདག་དང་ལས་ཀ་འཚོལ་རྒྱུ། རིན་མེད་སྨན་བཅོས། ནང་མི་ཟླ་འབྲེལ་ཆེད་ཁྲིམས་མཐུན་ཡིག་ཆ་བཟོ་རྒྱུ། ལོ་ ༢ ལྷག་རིང་ཁང་གླ་སྤྲོད་མི་དགོས་པའི་སྡོད་ཁང་ཐབས་ཤེས་བཅས་ཞུས་ཐུབ་པ་བྱུ ༡༩༩༢ ནས་ ༡༩༩༦ རེ་བ་གསར་བའི་རིག་གཞུང་མང་འདུས་བསྟི་གནས་ཁང༌། New Hope Multi-culture center གི་འགན་འཛིན་ཚོགས་མི་ཞུས་པ་ཡིན། ༡༩༩༨ དང༌། ༢༠༡༠ ལོར་ཡུ་ཊ་བོད་མིའི་ཚོགས་པའི་ཚོགས་གཙོའི་ལས་འཁུར་དུས་ཡུན་ཐེངས་གཉིས་ཞུས། ༢༠༠༡ ལོར། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུ་ཊ་མངའ་སྡེར་ྋཞབས་སོར་བཀའ་དྲིན་བསྐྱངས་སྐབས་ཀྱི་མཛད་འཆར་མཐའ་དག་འཐུས་ཚང་ལེགས་བསྒྲུབས་ཡོང་བར་འགན་འཁུར་ཞུས་པ་ཡིན། ༡༩༩༧ ནས་ ༢༠༠༧ བོད་ཀྱི་ཐེབས་རྩ། Tibet Fund ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡིན། ༢༠༠༥ ནས་ ༢༠༠༩ ཡུ་ཊ་མངའ་སྡེའི་སྲིད་སྐྱོང་གི་ཨེ་ཤི་ཡའི་ལས་དོན་གྱི་གྲོས་སྟོན་པ། Governer’s Asian Council གྲས་ལ་བསྐོས་པ་བཞིན་ལས་འཁུར་ཞུས་པ་ཡིན། ༢༠༡༢ ལོར། ཆེས་སྙན་གྲགས་ཅན་གྱི་ཀྲེམ་པལ་ཏོན་གཟེངས་རྟགས། Templeton Award དེ་བཞིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་འོས་རྒྱུ་མཚན་འབྲེལ་ཡོད་ཚོགས་ཆུང་ལ་གསལ་བཤད་ཡིག་ཆ་ཕུལ་བ་ལྟར་གཟེངས་བསྟོད་ཕུལ་བཞེས་གནང་བར་དགའ་སྤྲོ་ཚད་མེད་བྱུང༌། ༢༠༡༤ ནས་ ༢༠༡༥ ཡུ་ཊ་བོད་མིའི་ཚོགས་པའི་སྤྱི་ཁང་གི་ཆེད་དུ་དོ་ཁང་རྙིང་པ་ཞིག་ཉོས་ནས་བཟོ་བཅོས་རྒྱབ་པས། ད་ཆ་མཛེས་སྡུག་ལྡན་པའི་སྤྱི་ཁང་ཞིག་ཏུ་བསྒྱུར་ཐུབ་པའི་འགན་གཙོ་བོ་བཞེས་པ་དལོ་རྒྱུས་མདོར་བསྡུས་སོ།།

 

མིང༌། ཚེ་དབང་རིག་འཛིན།

གུས་རྒྱ་གར་འབྲས་ལྗོངས་སྒང་ཏོག་ཏུ་སྐྱེས་ཤིང༌། རྒྱ་གར་ལྷོ་ཕྱོགས་ནང་ཚར་ལོངས་བྱུང༌། ཅ་ཀུར་དང༌། སྦེལ་ཀོབ། ཧོན་སུར་གཞིས་ཆགས་ཀྱི་སློབ་གྲྭར་བསྐྱོད། དེ་ནས་སྒང་ཏོག་བཀྲ་ཤིས་རྣམ་རྒྱལ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་ཐོན། དེ་རྗེས་རྒྱ་གར་ལྷོ་ཕྱོགས་མེ་སོར་སེནཊ་ཕི་ལོ་མི་ན་མཐོ་སློབ་དུ་བསྐྱོད། ཕྱི་ལོ་ ༡༩༩༣ ལོར་བོད་མི་གཞིས་སྤོས་ཀྱི་ལས་འཆར་ཁོངས་ཨ་རིར་བསྐྱོད།

ཕྱི་ལོ་ ༡༩༩༩ ནས་ ༢༠༠༢ བར་མི་ནི་སོ་ཊ་ས་གནས་གཞོན་ནུའི་རྒྱུན་ལས་བྱས། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་སྐུའི་གཅེན་པོ་སྟག་ཚེར་རིན་པོ་ཆེ་མཆོག་གི་དབུ་འཁྲིད་པའི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཞབས་འདེགས་ཞུས་རིང༌། བོད་དོན་ཆེད་གཞི་རྒྱ་ཆེ་བའི་ལས་འགུལ་མང་པོ་སྤེལ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་སྤོཊ་ལེནཊ་དང་ཝེན་ཀུ་ཝར་ས་གནས་གཞོན་ལྷན་གྱི་ཚོགས་གཙོའི་ལས་འཁུར་ཞུས་རི བོད་ཀྱི་རྩ་དོན་སྤྱི་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་མང་པོ་སྤེལ་ཐུབ་པ་བྱུང་ཡོད།

དེ་རྗེས་ཕྱི་ལོ་ ༢༠༠༧ ནས་ ༢༠༡༣ བར་སྐབས་གཉིས་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོར་འོས་འདེམས་བྱུང༌། སྐབས་དེར་བོད་ཀྱི་རྩ་དོན་གཙོ་བཟུང་རང་གི་ནང་མིའི་དཀའ་ངལ་བློས་བཏང་གིས་བོད་མི་ས་ཡ་དྲུག་ལ་ཞབས་འདེགས་ཞུ་ཆེད་ལོ་ངོ་དྲུག་རིང་ཨ་རི་ནས་རྒྱ་གར་ལ་སྤོས། གཞོན་ལྷན་གྱི་ཚོགས་གཙོའི་ལས་རྒྱུན་རིང་བོད་མི་འདུ་སྡོད་གཞིས་ཆགས་ཁག་དང༌། རྒྱ་གར་རྒྱལ་ཡོངས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་དེ་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། ད་དུང་བོད་མི་གཞོན་སྐྱེས་གསོ་སྐྱོང་ཆེད་གཞོན་ལྷན་གྱི་འགོ་འཁྲིད་ཟབ་སྦྱོང་གོ་སྒྲིག་བྱས། གཞོན་ལྷན་གྱི་ལས་རྒྱུན་རིང་རྒྱ་གར་རྒྱལ་ས་ལྡི་ལི་དང༌། ཡུ་རོབ་བསྟི་གནས་སྦ་ར་སིལ། བྱང་ཨ་རིའི་གྲོང་འཁྱེར་ནིའུ་ཡོག་བཅས་སུ་ཟས་བཅད་ལས་འགུལ་དང༌། ལྡི་ལིར་རྔམ་སྟོན་ཁྲོམ་སྐོར་བཅས་གོ་སྒྲིག་ཞུ་མྱོང་ཡོད། དེ་ག་ནང་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་དང༌། ཚོགས་ཆེན། ཨེ་ཤི་ཡའི་ལྷན་ཚོགས་བཅས་སུ་བཅར་ཏེ་བོད་དོན་ཐོག་གཏམ་བཤད་དང་རྒྱབ་སྐྱོར་གྱི་གྲོས་ཆོད་ཀྱང་བཞག་ཐུབ་པ་བྱུང་ཡོད།

གཞོན་ལྷན་གྱི་ལས་རྒྱུན་རིང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་དང༌། གཞན་ཡང་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱི་མཐོ་རིམ་མི་སྣ། དེ་དང་ཕྱོགས་མཚུངས་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་གི་གནད་ཡོད་མི་སྣ་མཇལ་འཕྲད་ཞུས་ཏེ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་ཞུ་འབོད་ཀྱང་ཐེངས་མང་བྱས་མྱོང་ཡོད། ད་ལྟ་ཨ་རི་མི་ནེ་སོ་ཊར་རང་གི་བཟའ་ཟླ་དང་བུ་མོ་གཉིས་ཀྱི་མཉམ་དུ་བསྡོད་མུས་དང༌། དེང་ཛ་དྲག་ཆེ་བའི་དུས་སྐབས་འདིར་བོད་དོན་ཐོག་མུ་མཐུད་ཞབས་འདེགས་ཞུ་རྒྱུ་ཆོད་སེམས་བརྟན་པོ་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།

 

མིང་། གདོང་འདུས་སྐྱིད་འཛོམས།

ཕྱི་ལོ་ ༡༩༧༨ ལོར་སྐྱེས། རྒྱ་གར་ནང་སློབ་གྲྭ་ཆུང་འབྲིང་ནས་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༡༩༩༧ ལོར་རྡ་ས་བོད་ཁྱིམ་ནས་གྲུབ་འབྲས་རྩེ་ཕུད་ཐོག་འཛིན་རིམ་བཅུ་གཉིས་པའི་བསླབ་པ་མཐར་ཕྱིན། ཕྱི་ལོ་༢༠༠༡ ལོར་ལྡི་ལི་གཙུག་ལག་སློབ་གྲྭར་དབྱིན་ཇིའི་རྩོམ་རིག་གི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་ཕྱིན། ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་རྒྱལ་ཡོངས་གསར་འགོད་རིག་པའི་སློབ་གཉེར་ཁང་ནས་གསར་འགོད་ཆེད་ལས་པའི་སློབ་སྦྱོང་ཞུས། ཕྱི་ལོ་ ༢༠༠༢ ནས་རྒྱ་གར་གྱི་གྲགས་ཅན་གསར་ཤོག Times of India སོགས་ཀྱི་གསར་འགོད་པ་ཞུས།

ཕྱི་ལོ་ ༢༠༠༥ ལོར་ཨོ་སི་ཊ་ལི་ཡར་གནས་སྤོ་བྱས་ཏེ་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་དབྱིན་ཡིག་དུས་དེབ་འབོད་སྒྲའི་རྩོམ་སྒྲིག་ཚོགས་མི་དང་རྩོམ་སྒྲིག་པ་ཞུས། ཕྱི་ལོ་ ༢༠༡༠ ནས་བཟུང་ད་ལྟའི་བར་ཨོ་སི་ཊ་ལི་ཡའི་བོད་དོན་ལྷན་ཁང་ (Australia Tibet Council) གི་ལས་འགུལ་འགན་འཛིན་བྱས་ཏེ་གཙོ་བོ་ཡོངས་ཁྱབ་སྐུལ་སྤེལ་དང་། རྨང་གཞི་སྲ་བརྟན། གོང་བུ་ཆིག་སྒྲིལ་བཅས་ཕྲན་གྱི་ཆབ་སྲིད་ལྟ་གྲུབ་དང་མངོན་འདོད་གསུམ་ལ་བརྟེན་ནས་བོད་ཀྱི་མི་རབས་གསར་པའི་འགན་འཁྲི་འཁྱེར་ནས་བོད་མིའི་གཞུང་སྒེར་སྒྲིག་འཛུགས་དང་ས་གནས་བོད་མིར་འབྲེལ་བ་དམ་ཟབ་ཐོག་གནས་ཡུལ་རྒྱལ་ཁབ་ཀྱི་དབུས་སའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་དང་། གཞུང་གི་མཐོ་རིམ་འགོ་ཁྲིད་མང་པོར་བོད་དོན་ངོ་སྤྲོད་། མི་མང་ནས་བོད་དོན་ཐད་རྒྱབ་སྐྱོར་ཐབས་འཚོལ། གསར་འགྱུར་ལས་རིགས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༨༠ བརྒལ་བ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག རྒྱ་རིགས་རང་དབང་དོན་གཉེར་བ་བཅས་པར་རྒྱུན་གཏན་གྱི་འབྲེལ་ལམ་སྲ་བརྟན་ཐོག་འཆར་གཞི་དང་། སྒྲིག་འཛུགས། ལམ་ལུགས་ཚད་ལྡན་ཡོད་པའི་བོད་དོན་རྒྱབ་སྐྱོར་སྐུལ་སྤེལ་ཐད་ལས་འགུལ་ཤུགས་སྤེལ་བར་ཕྱི་ནང་མི་མང་ནང་མངོན་སུམ་སྤྱོད་ཡུལ་དུ་གྱུར་པའི་གྲུབ་འབྲས་བྱུང་བ་ནི་ཕྲན་སྤྱི་འཐུས་འོས་མིར་སླེབས་པའི་ས་བོན་དངོས་དེ་ཡིན་ལགས།།