༄༅། །བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི།

དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༩༢ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       སྒྲིག་གཞིའི་ཆ་རྐྱེན།

སྒྲིག་གཞི་འདི་བཅའ་ཁྲིམས་དོན་ཚན་ ༤༢ པའི་ནང་གསེས་ ༢ པའི་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      འགོ་འཛུགས།

སྒྲིག་གཞི་འདི་ ༡༩༩༢ ཟླ་ ༢ ཚེས་ ༣ ནས་འགོ་འཛུགས་བྱ་རྒྱུ།

དོན་ཚན་བཞི་པ།        རྒྱུན་ལས་ཚོགས་ཆུང་གི་དབང་ཚད།

བོད་མིའི་ཆབ་སྲིད་འཕོ་འགྱུར་དང་སྔོན་རྩིས་ཀྱིས་མཚོན་བཅའ་ཁྲིམས་དང་གྲོས་ཆོད་ཁག་ནང་རྒྱུན་ལས་ནས་ཐག་གཅོད་མི་ཆོག་པ་ཁག་ཕུད། སྤྱིར་བཏང་རྒྱུན་ལས་དང་འབྲེལ་བའི་ལས་དོན་རིགས་བཅའ་ཁྲིམས་གཞིར་བཟུང་སྐབས་སོ་སོར་ལག་བསྟར་ཆོག་རྒྱུ།

དོན་ཚན་ལྔ་པ།          རྒྱུན་ལས་ཚོགས་ཆུང་གི་ལས་འགན།

༡    རྒྱུན་ལས་པ་རྣམས་དམ་གཙང་ཆིག་བསྒྲིལ་གྱི་སྒོ་ནས་གཞུང་གི་ལས་ཁུངས་མ་ལག་སྤྱི་དང་བོད་རིགས་ཡོངས་ལ་དགེ་འདོན་སྐྱོན་སེལ་ཞུ་འོས་ངོ་སྲུང་མེད་པར་ཞུ་རྒྱུ།

༢ བོད་བསྟན་སྲིད་བདེ་ཐབས་ཁོ་ནར་སྨན་པའི་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང་དགོས་ཞུ་མི་བྱུང་ཚེ་རྒྱུན་ལས་ནས་དགོངས་བཞེས་བཀའ་བསྡུར་དང་འབྲེལ་ངོས་བཞེས་གནང་འོས་གནང་རྒྱུ།

༣ རྒྱུན་ལས་ཀྱི་གཞི་རྩའི་ལས་འགན་དང་མི་འགལ་བཞིན་དུ་ཕྱི་ནང་མི་རིགས་སུ་ཐད་ནས་རྒྱུན་ལས་པ་གང་ཞིག་ལ་དམིགས་བཀར་སྙོན་འཛུགས་བྱུང་ན་དངོས་ཡོད་གནས་ཚུལ་ཞིབ་དཔྱད་དང་འབྲེལ་འགལ་གཞི་མེད་ཚེ་རྒྱུན་ལས་པ་སྤྱིར་སྙོན་འཛུགས་བྱུང་བར་ངོས་འཛིན་ཞུ་རྒྱུ།

༤   རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་དང་ཕྱི་ནང་མི་རིགས་དང་མཐུན་མིན་དཀའ་ངལ་རིགས་སྐབས་འཕྲལ་སེལ་ཐབས་ཞུ་འོས་ཞུས་ཐོག གཞུང་གི་འབྲེལ་ཡོད་ཁག་ལ་གོ་བསྡུར་གྱིས་རྒྱབ་སྐྱོར་གནང་འོས་གནང་རྒྱུ་མ་ཟད། གཞུང་གིས་མཛད་བྱུས་སྐྱོང་ཕྱོགས་བཅས་མང་ཚོགས་ཀྱིས་གསལ་རྟོགས་ཐུབ་ཐབས་དང་སློབ་གསོ་བཀོད་ཁྱབ་འཐུས་ཚང་ནན་ཏན་ཞུ་རྒྱུ།

༥ རྒྱུན་ལས་ཚང་འཛོམས་ཐོག་སྤྱི་བྱེའི་ལས་དོན་སྐོར་གོ་བསྡུར་ཐག་གཅོད་གནང་འོས་རིགས་དང་ཕྱི་ཁག་ནས་འབྱོར་བའི་ཡིག་རིགས་སྒྲོག་སྦྱང་དང་འབྲེལ་འཕྲིན་ལན་སྩལ་ཕྱོགས་སོགས་བཀའ་བསྡུར་གནང་དགོས་ཀྱི་དུས་ཚོད་ཐད་སྐབས་སོ་སོར་ཚོགས་གཙོས་སྟངས་འཛིན་གནང་རྒྱུ།

༦ ལྷན་ཚོགས་སྐབས་སྤྱིའི་ལས་དོན་ལ་དོ་སྣང་མེད་པར་སྒེར་ཡིག་འབྲི་ཀློག་དང་ལྷན་ཚོགས་མ་གྲོལ་བར་དགོངས་ཞུ་མེད་པར་འགྲོ་ཐལ་དང་ལས་བཅར་དུས་ཚོད་ལས་འགྱངས་རིགས་ནམ་ཡང་མི་ཆོག

༧   རྒྱུན་ལས་སྤྱི་འཐུས་དང་དེ་མིན་སྤྱི་འཐུས་སུ་རུང་ནས་ལས་ཁུངས་ཀྱི་ཡིག་ཆ་སྤྱི་བྱིངས་སྨོས་ཅི། རང་ཉིད་ཀྱི་ལས་འགན་དང་འབྲེལ་བའི་ཡིག་རིགས་ཀྱང་ཚོགས་གཙོའི་བཀའ་འཁྲོལ་མེད་པར་ཕྱིར་གང་བྱུང་འཁྱེར་ཐལ་མི་ཆོག

༨    ལས་ཁུངས་ནང་ལས་དོན་གང་རུང་ཞིག་ཡོད་ན་མ་གཏོགས་ཉེ་འབྲེལ་ལ་སོགས་གང་བྱུང་འཁྲིད་ཐལ་མི་ཆོག

༩ སྤྱི་འཐུས་གང་ཞིག་གཞུང་དོན་ཕྱོགས་ཕེབས་སྐབས་ལྷན་ཚོགས་ཀྱི་ཡིག་ཆ་མཁོ་གལ་བྱུང་བ་མཉམ་འཁྱེར་དགོས་རིགས་དོ་བདག་ནས་ཁོངས་སོ་སོར་འཛིན་ཤོག་ཟུར་འབུལ་གྱིས་ཞུ་ལེན་དང༌། ཕྱིར་འཁོར་མཚམས་ཡིག་ཆ་གང་འཁྱེར་རྣམས་ཁོངས་སོ་སོར་རྩིས་འབུལ་དང་འབྲེལ་འཛིན་ཤོག་ཕྱིར་ཞུ་དགོས་རྒྱུ་དང༌། སྤྱི་འཐུས་སུ་ཐད་ནས་སྤྱི་རྫས་ཅི་འདྲ་ཞིག་ཡིན་རུང་སྒེར་གྱིས་བེད་སྤྱོད་ནམ་ཡང་མི་ཆོག

༡༠  ཀ   ཚོགས་གཙོ་ཚོགས་གཞོན་བརྗེ་ལེན། ༡ ཚོགས་གཙོ་ཚོགས་གཞོན་བརྗེ་ལེན་སྐབས་ཡིག་རིགས་གལ་ཆེ་ཁག་དང་སྤྱི་ལྷན་དངུལ་རྩིས་གནས་སྟངས་ཡིག་ཐོག་རྩིས་སྤྲོད་རྩིས་ལེན་ཞུས་རྗེས་རྒྱུན་ལས་སུ་སྙན་འབུལ་དགོས། ༢  ཚོགས་གཙོ་ཚོགས་གཞོན་བརྗེ་ལེན་སྐབས་ལས་དོན་མཇུག་སྐྱོང་རྒྱུས་མངའི་ཚིག་ཐོ་འཇོག་དགོས།

ཁ    རྒྱུན་ལས་བརྗེ་ལེན། སྤྱི་འཐུས་རྒྱུན་ལས་བརྗེ་ལེན་ནམ་བྱུང་ལ་སྡེ་ཚན་ཁོངས་གལ་ཆེའི་ཡིག་རིགས་དང་འཛིན་ཆས་སོགས་ཇི་ཡོད་རྩིས་སྤྲོད་རྩིས་ལེན་དང༌། ལས་དོན་མཇུག་སྐྱོང་གི་ཚིག་ཐོ་འཇོག་དགོས།

ག    རྒྱུན་ལས་བརྗེ་ལེན་གཏན་འཇགས་ཕྱོགས་བསྐྱོད་སྐབས་སོ་སོའི་ཕ་མ་དང༌། བཟའ་ཟླ་གང་རུང་གི་ཕ་མ། དེ་བཞིན་རང་གི་ཕྲུ་གུ་ངོ་མ་ཇི་ཡོད། ཡང་ན་ཕྲུ་གུ་ངོ་མ་མེད་རུང་བུ་ཚབ་བམ་གསོས་ཕྲུག་ཉར་བ། དེ་བཞིན་འདོད་གཅིག་ནང་མིའམ་ཤག་ཚང་ཡོངས་གྲགས་དངོས་འབྲེལ་ཡིན་པ་ཚོགས་གཙོས་ངོས་སྦྱོར་གནང་ཚེ་སྤྱི་འཐུས་གང་དེའི་ཐོབ་ཐང་གཞིར་བཟུང་ནང་མིར་ལམ་གྲོན་ཐོབ་ཐང་ཆ་ཚང་ཡོད། ནང་མི་མཉམ་བསྐྱོད་མ་ཐུབ་པས་སྔ་རྗེས་སུ་བསྐྱོད་དགོས་ཀྱི་དམིགས་བསལ་རྒྱུ་མཚན་ཡོད་ན་སྐབས་མཚམས་རྗེས་སུ་ཟླ་བསྒྲིལ་ཆོག་པའི་བཀའ་འཁྲོལ་ཆོག་མཆན་ཚོགས་གཙོ་སྦྲེལ་པོར་ཞུ་དགོས་པ་དང་། ཚོགས་གཙོ་སྦྲེལ་པོས་རྒྱུན་ལས་སུ་ཞུ་དགོས།

ང    བདལ་གླའི་ཐོབ་ཐང་དངོས་ཆས་ལྗིད་ཚད་ཀི་ལོ་ ༡༢༠༠ ཐོབ་ཐང་ཡོད། འོན་ཀྱང་དངོས་ཆས་ཀྱི་ལྗིད་ཚད་འདེགས་འགྱོག་བྱས་པའི་གླ་འབབ་སྤྲད་འཛིན་དགོས་པ་དང༌། རྒྱུན་ལྡན་དགོས་མཁོ་མ་ཡིན་པའི་ཚོང་ཟོག་དང༌། གཞན་གྱི་ཅ་དངོས་རིགས་འཁྱེར་མི་ཆོག རང་གི་དངོས་ཆས་རྣམས་མཉམ་འཁྱེར་བྱ་རྒྱུ་ལས་སྔ་ཕྱི་རིམ་འཛར་དུ་འཁྱེར་ན་གོང་གསལ་ཐོབ་ཐང་མེད། འོན་ཀྱང་མཉམ་འཁྱེར་མི་ཐུབ་པའི་དམིགས་བསལ་དཀའ་ངལ་དང༌། རྒྱུ་མཚན་གཞན་ཞིག་ཡོད་ན་སྐབས་མཚམས་སོ་སོར་ཅ་དངོས་ཀྱི་ཐོ་གཞུང་དང་སྦྲགས་འོར་འདྲེན་ཆོག་པའི་ཚོགས་གཙོར་བཀའ་འཁྲོལ་ཞུ་དགོས། ལས་བཅར་དང༌། ལས་ཐོན་ཕྱིར་ལོག་སྐབས་གནམ་བསྐྱོད་རིགས་ལ་མཉམ་འཁྱེར་ཅ་དངོས་ (Check in baggage) གནམ་སྒྲིག་ལྟར་ལས་མ་བརྒལ་བའི་ཐོག གནམ་ཐོག་ (Cargo) བརྒྱུད་ཀི་ལོ་ ༧༥ ལས་མང་བ་འཁྱེར་མི་ཆོག ཡང་རྒྱུན་ལྡན་གཞུང་དོན་ཕྱོགས་བསྐྱོད་སྐབས་མཉམ་འཁྱེར་ཅ་དངོས་ (Check in baggage) ལྗིད་ཚད་གནམ་གྲུ་སོ་སོའི་ཚད་གཞི་ལྟར་མཉམ་འཁྱེར་ཆོག གཞུང་འབྲེལ་ཅ་དངོས་དེབ་རིགས་སོགས་མཉམ་འཁྱེར་དགོས་རིགས་ཀྱི་ལྗིད་ཚད་རིན་འབབ་ཇི་བྱེད་ཀྱང་ཐོབ་འཛིན་ལྟར་ཞུ་སྤྲོད་ཆོག

ཅ    དོས་རྒྱག་དང༌། ཅ་དངོས་འོར་འདྲེན། ལས་མིའི་ལས་གླ་བཅས་ཀྱི་ཆེད་སྤོམ་ཚོད་སྒོར་ ༥༠༠།༠༠ རེ་འཐོབ་རྒྱུ་དང༌། ཕྱོགས་གཅིག་ལ་ས་ཐག་ཀི་ལོ་མི་ཊར་ ༦༠༠ ནང་ཚུན་འགྲུལ་བཞུད་སྣུམ་འཁོར་རམ། དོས་སྐྱེལ་འཁོར་གླའི་འབབ་ཞུ་སྤྲོད་ཆོག རྒྱུ།

ཆ    བདལ་གླ་སྤོམ་དངུལ་ཞུས་ན་རྒྱུ་མཚན་ཁུངས་འཕེར་འདང་ངེས་གཟིགས་ཚེ་མང་མཐར་སྒོར་ ༢༠༠༠ བཀའ་འཁྲོལ་གནང་ཆོག

ཇ    ཚོགས་གཙོ་ཚོགས་གཞོན་དང༌། རྒྱུན་ལས་བརྗེ་ལེན་སྐབས་རྩིས་སྤྲོད་རྩིས་ལེན་དང༌། ལས་དོན་རྒྱུས་མངའི་ཆེད་ཉིན་གསུམ་རིང་ལས་དོད་དང་མགྲོན་ཁང་དོད་འཐོབ་རྒྱུ།

ཉ    ཚོགས་གཙོ་ཚོགས་གཞོན་དང༌། རྒྱུན་ལས་བརྗེ་ལེན་སྐབས་རྒྱུན་ལས་ལས་བཅར་ཞུ་མཁན་དང་འཕོས་མཁན་སྤྱི་འཐུས་ལ་སོ་སོའི་གཏན་སྡོད་ས་གནས་ནས་རྡ་ས་བར་ཡར་མར་ལམ་བར་གཏན་འབེབས་ཉིན་གྲངས་ཇི་འགོར་ལ་ལས་དོད་དང་ཉིན་དོད་འཐོབ་རྒྱུ།

དོན་ཚན་དྲུག་པ།        རྒྱུན་ལས་ཀྱི་སྡེ་ཚན།

ཚོགས་གཙོ་བགྲེས་གཞོན་གཉིས་ཕུད་དེ་བྱིངས་རྣམས་གཤམ་གསལ་སྡེ་ཚན་ཁག་གསུམ་ལ་ལས་བགོས་གནང་རྒྱུ། ༡    རྒྱུན་འབྲེལ་སྡེ་ཚན། བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་གི་ལས་དོན་སྐོར་འགན་འཁུར་ཞུ་ཕྱོགས་སྒྲིག་གཞི་གཞིར་བཟུང་ལག་ལེན་བསྟར་རྒྱུ། ༢    ཆབ་སྲིད་སྡེ་ཚན། ཀ འཛམ་གླིང་སྤྱི་དང་ཁྱིམ་མཚེས་རྒྱ་དཀར་ནག་སྒོས་སུ་བོད་ནང་གི་གནས་སྟངས་སོགས་ཀྱི་འགྱུར་འགྲོས་དང་བསྟུན་ཕྱི་དྲིལ་ཞུ་སྒོ་དང་ཛ་དྲག་གི་ལས་འགུལ་དང་འབྲེལ་བའི་སྲིད་དོན་གྱི་ལས་འགུལ་གསར་སྤེལ་ཞུ་དགོས་རིགས་སྐབས་སོ་སོར་རྒྱུན་ལས་ཀྱི་ཆོག་མཆན་དང་འབྲེལ་ལག་ལེན་བསྟར་རྒྱུ། ཁ    ཕྱོགས་བཞུགས་སྤྱི་འཐུས་གང་རུང་ནས་དམིགས་བསལ་གློ་བུར་གྱི་ལས་འགུལ་སྤེལ་དགོས་པའི་ཞལ་པར་རམ། སྙན་ཤོག་འབྱོར་ཚེ་རྒྱུན་ལས་པ་ཚོས་སྐབས་བསྟུན་དགོངས་བཞེས་བཀའ་བསྡུར་གྱིས་ཐག་གཅོད་གནང་རྒྱུ། ༣   འཛིན་སྐྱོང་རྟོག་ཞིབ་སྡེ་ཚན། གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་སྒྲིག་གཞི་ལེགས་བཅོས་ཐོག་ཁོངས་སོ་སོའི་སྒྲིག་གཞི་རྩ་བཟུང་དང་འབྲེལ་ལས་དོན་སྐོར་ཡར་རྒྱས་ཚགས་ཚུད་ཡོད་མེད་དང་དགེ་སྐྱོན་ཅི་མཆིས་ཉམས་ཞིབ་བྱ་རྒྱུ། དེ་འབྲེལ་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་དང་གཞེན་སྐུལ་བྱ་འོས་རིགས་སྐབས་སོ་སོར་རྒྱུན་ལས་ཀྱི་ཆོག་མཆན་དང་འབྲེལ་ལག་ལེན་བསྟར་རྒྱུ། གོང་གསལ་སྡེ་ཚན་ཁག་གི་ལས་དོན་ཅི་བྱས་སྐོར་གྱི་གནས་ཚུལ་རྒྱུན་ལས་ནས་མཁྱེན་རྟོགས་དང༌། བཀའ་བསྡུར། ཐག་གཅོད་བཅས་གནང་སླད་རྒྱུན་ལས་ཚོགས་སྐབས་སོ་སོར་སྡེ་ཚན་རང་ཁོངས་ནས་སྙན་སེང་ཞིབ་ཕྲ་ཞུ་རྒྱུ།

དོན་ཚན་བདུན་པ།       གུང་གསེང་ཁག

༡    ལོ་འཁོར་གཅིག་ནང་ལས་དོན་ཐོབ་ཆའི་གུང་གསེང་གཤམ་གསལ་ནད་དགོངས་ཁག་ཕུད་ལས་དོན་གནང་རྒྱུན་གྱི་བདུན་རེར་ཉིན་རེ་རྩིས་མང་མཐའ་ཉིན་གྲངས་ ༥༢ ཡོད། ཐོབ་ཆའི་གུང་གསེང་ཞུས་རྗེས་ལོ་འཁོར་ལས་རྒྱུན་མ་ཚང་གོང་རྒྱུན་ལས་སུ་མ་བཞུགས་ཚེ་ལས་ཉིན་ཇི་ཆད་ཀྱི་རྩིས་བསྐོར་ཐོབ་ཆའི་གུང་གསེང་ཇི་ཆད་ཀྱི་ལས་དོད་གཅོག་རྒྱུ། ལས་དོན་ཐོབ་ཆའི་གུང་གསེང་ལྷག་མ་མེད་རིགས་ལ་ཛ་དྲག་གི་གུང་གསེང་དགོས་གལ་བྱུང་ན་དོ་བདག་ནས་རྒྱུ་མཚན་ཞིབ་བཀོད་དགོངས་སྙན་རྒྱུན་ལས་སུ་ཕུལ་འབྱོར་བྱུང་མཚམས་བཀའ་བསྡུར་དང་འབྲེལ་རྒྱུ་མཚན་ཡང་དག་གཟིགས་ཚེ་ལས་དོད་མེད་པའི་གུང་གསེང་མང་མཐའ་ཉིན་ ༣༠ ལས་མ་བརྒལ་བ་གནང་ཆོག དེ་ལས་བརྒལ་ཚེ་སྤྱི་འཐུས་རྒྱུན་ལས་ནས་རང་བཞིན་གྱི་དགོངས་པ་ཞུས་པར་ངོས་འཛིན་བྱ་རྒྱུ།

ཀ གོང་གསལ་ནད་དགོངས་ཁག་ཕུད་ཅེས་པ་ནི་སྤྱི་འཐུས་རྒྱུན་ལས་གང་ཞིག་ནད་མནར་ཚབས་ཆེས་སྨན་ཁང་དུ་བསྟེན་ཉལ་བྱེད་བཞིན་པ་ཡིན་ན་ལས་དོད་མེད་པའི་ནད་དགོངས་ཇི་ཙམ་གནང་དགོས་མིན་སྤྱི་འཐུས་རྒྱུན་ལས་ནས་སྐབས་བསྟུན་དགོངས་དཔྱད་གནང་རྒྱུ།

ཁ    རྒྱུན་ལས་སྤྱི་འཐུས་བུད་མེད་རྣམས་ལ་ཕྲུ་གུ་བཙས་དུས་ཀྱི་དམིགས་བསལ་ལས་དོད་ཡོད་པའི་གུང་གསེང་ཟླ་བ་གཅིག་དང་ཕྲུ་གུ་ཤོར་བ་དང༌། མངལ་རླུགས་པ་བཅས་ཀྱི་སྐབས་སུ་རིང་ཚད་ཟླ་བ་གཉིས་བར་ལས་དོད་ཡོད་པའི་གུང་གསེང་ཞུ་སྤྲོད་ཆོག

༢    རྒྱུན་ལས་གང་ཞིག་སྒེར་དོན་ཆེད་བདུན་ཕྲག་གཅིག་ལས་མ་བརྒལ་བར་དགོངས་འཁྲོལ་ཞུ་དགོས་བྱུང་ཚེ་ཚོགས་གཙོར་ཞུ་རྒྱུ་དང༌། དེ་ལས་མང་བ་ཞུ་དགོས་མཆིས་ཚེ་ཉུང་མཐར་བདུན་ཕྲག་གཅིག་སྔོན་དགོངས་སྙན་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཏེ་བཀའ་འཁྲོལ་ཞུ་ཐོབ་དགོས། ༣   གུང་གསེང་གི་དུས་ཚོད་བཟུང་སྟངས་ནི་དཔེར་ན་ཟླ་ ༡ ཚེས་ ༡ ཉིན་གུང་གསེང་བསྐྱོད་དུས་འཁེལ་བ་ཡིན་ན། དེ་ཉིན་རེས་གཟའ་ཉི་མ་སོགས་འཆར་ཅན་གུང་གསེང་གང་རུང་འཁེལ་ཚེ་དེའི་ཕྱི་ཉིན་ཚེས་ ༢ ནས་འགོ་འཛུགས་ཆོག་པ་དང༌། གུང་གསེང་རྫོགས་དུས་ཀྱི་རེས་གཟའ་ཉི་མ་སོགས་འཆར་ཅན་གྱི་གུང་གསེང་འཁེལ་ན་དེའི་ཕྱི་ཉིན་ནས་ལས་བཅར་ཆོག་པ་ཡིན། དེ་བཞིན་ལས་ཉིན་མཐའ་མ་དང༌། གུང་གསེང་རྗེས་ཀྱི་ལས་ཉིན་གཉིས་ལ་ལས་བཅར་མེད་ཚེ། དེའི་བར་ཚུད་པའི་གཞུང་འབྲེལ་གུང་གསེང་ཇི་ཡོད་དགོངས་ཞུ་ལ་བརྩི་རྒྱུ། ༤   གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་འཁེལ་བའི་རེས་གཟའ་སྤེན་པ་ཉི་མ་དང༌། གཞུང་འབྲེལ་གུང་གསེང་ཁག་འཁེལ་བར་གུན་གསབ་ཞུ་སྤྲོད་མི་ཆོག་ཅིང༌། ཕྱོགས་བསྐྱོད་རིང་ཐོབ་ཆའི་གུང་གསེང་ཞུ་སྤྲོད་བྱུང་ཚེ་དེའི་རིང་ཉིན་དོད་མེད། 

དོན་ཚན་བརྒྱད་པ།       རྒྱུན་ལས་ཚུགས་གྲོལ།

༡    རྒྱུན་ལས་ཚུགས་གྲོལ་གྱི་དུས་ཚོད་ནི། གཞུང་གི་ལས་ཁུངས་ཁག་དང་སྤྱི་མཚུངས་གནང་རྒྱུ།

༢    ལས་ཁུངས་ཚུགས་དུས་ལས་སྐར་མ་ ༡༥ འགྱངས་རིགས་འབྱོར་དེབ་ཞིབ་འཇུག་པས་འབྱོར་ཐོ་འགོད་དེབ་ཚོགས་གཙོར་སྤྱན་བསྟར་དང་འབྲེལ་ཆུ་ཚོད་སྐར་མ་ ༡༥ རེ་ཐེངས་གསུམ་བསྟུད་མར་འགྱངས་ཚེ་ལས་དོད་ཐོབ་ཆའི་གུང་གསེང་ནས་ཉིན་གཅིག་གཅོག་རྒྱུ།

དོན་ཚན་དགུ་པ།        གསང་རྒྱ།

རྒྱུན་ལས་ཀྱི་ལས་དོན་དམིགས་བསལ་དགོས་དབང་ཅན་གསང་རྒྱ་ཞུ་དགོས་རིགས་སྐབས་སོ་སོར་ཚོགས་གཙོས་བཀའ་ཁྱབ་ཕེབས་དགོངས་ལ་གཞིགས་ཏེ་ཚང་མས་ཕྱིར་བསྒྲགས་མི་བྱ་བའི་གསང་རྒྱ་ཐུབ་ངེས་ཞུ་རྒྱུ།

དོན་ཚན་བཅུ་པ།        སྒྲིག་གཞི་བརྩི་སྲུང༌།

གོང་གསལ་སྒྲིག་གཞི་འདིའི་ནང་ཚིག་གསལ་འཁོད་མིན་ལ་མ་ལྟོས་པར་རྒྱུན་ལས་པ་ཚང་མས་འགལ་མེད་བརྩི་སྲུང་ཞུས་ཐོག་སྔོན་དུ་དམ་བཅའ་ཕུལ་བའི་ཚིག་དོན་རྣམས་སེམས་བཅངས་རྒྱུན་འཁྱོངས་དང་འབྲེལ་ལས་དོན་ཐོག་འཁུར་སེམས་ཆེ་བསྐྱེད་ཞུ་དགོས།

དོན་ཚན་བཅུ་གཅིག་པ།   གཟིགས་གསོལ།

སྤྱི་འཐུས་རྒྱུན་ལས་ཀྱི་ལས་རྒྱུན་ལོ་གཅིག་ཡིན་སྟབས་ལས་རྒྱུན་ལོ་རེ་རྫོགས་མཚམས་སུ་བསྐྱར་འདེམས་བྱུང་མིན་ལ་མ་ལྟོས་པར་ལས་རྒྱུན་སྐབས་སོ་སོའི་གཟིགས་གསོལ་ཟླ་གཅིག་ཕོགས་འབབ་སྤྱི་འཐུས་ལྷན་ཚོགས་ཀྱི་དངུལ་རྩིས་དམིགས་བསལ་རྒྱུན་གྲོན་ཁོངས་འཆར་གཞི་བཀའ་འཁྲོལ་ཞུས་ཏེ་གནང་རྒྱུ། འོན་ཀྱང་རྒྱུན་ལས་ཀྱི་ལས་རྒྱུན་ཧྲིལ་པོ་མ་ལོངས་པའི་རིགས་ལ་གཟིགས་གསོལ་མི་འཐོབ། ལས་རྒྱུན་བརྩི་ཕྱོགས་ཐད་ལོ་གཅིག་ཧྲིལ་པོ་རྒྱུན་ལས་སུ་ཞུགས་པ་དང༌། ཐོབ་གསེང་རྣམས་རྫོགས་ཏེ་ཕོགས་མེད་གུང་གསེང་ཉིན་གྲངས་ ༡༦ ལས་མ་བརྒལ་བ་ཞུས་རིགས་ལ་ལས་རྒྱུན་ལོངས་པར་བརྩི་རྒྱུ་ཡིན།

དོན་ཚན་བཅུ་གཉིས་པ།   སྒྲིག་གཞི་བསྐྱར་བཅོས། སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་མཚམས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༣།༤།༡༠ ཉིན་ཕྱོགས་བསྒྲིགས་ཞུས།