༄༅། །བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱི་ལས་དོན་གཞུང་འབྲེལ་ངོས་བཞེས་བྱེད་ཕྱོགས་ཀྱི་སྒྲིག་གཞི།

དོན་ཚན་དང་པོ།         སྒྲིག་གཞིའི་མིང།

བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱི་ལས་དོན་གཞུང་འབྲེལ་ངོས་བཞེས་བྱེད་ཕྱོགས་ཀྱི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       སྒྲིག་གཞིའི་ཆ་རྐྱེན།

སྒྲིག་གཞི་འདི་བཅའ་ཁྲིམས་དོན་ཚན་ ༣༦ པའི་འོག་བཀོད་སྒྲིག་བྱས་པ་ཡིན། 

དོན་ཚན་གསུམ་པ།      ཁྱབ་ཚད།

སྒྲིག་གཞི་འདིས་ཕྱོགས་བཞུགས་སྤྱི་འཐུས་ཡོངས་ལ་ཁྱབ་པ་ཡིན། 

དོན་ཚན་བཞི་པ།        འགོ་འཛུགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་སྟེ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་བཀོད་ཉིན་ནས་རྩ་འཛིན་ལག་བསྟར་བྱ་རྒྱུ།

དོན་ཚན་ལྔ་པ།          གཞུང་འབྲེལ་ངོས་བཞེས་གནང་ཕྱོགས།

༡    གཞུང་འབྲེལ་གྱི་མཛད་སྒོ་ཁག་དང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པ། སོ་སོའི་སྡོད་གནས་ཀྱི་མངའ་སྡེའི་ནང་ཆིབས་སྒྱུར་སྐབས་ཕེབས་བསུ་སྐྱེལ་དུ་བཅར་བ་རྣམས་གཞུང་འབྲེལ་དུ་ངོས་བཞེས་གནང་རྒྱུ།

༢    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱི་ཕེབས་བསུ་སྐྱེལ་སྐབས། རང་ཉིད་སྡོད་གནས་ཀྱི་མངའ་སྡེ་མིན་ཡང་ངེས་པར་དུ་བཅར་དགོས་བྱུང་ཚེ་རྒྱུ་མཚན་ཞིབ་འཁོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་བཀའ་འཁྲོལ་ཞུ་དགོས།

༣   ཕྱོགས་བཞུགས་སྤྱི་འཐུས་སུ་རུང་ལ་ས་གནས་མངའ་སྡེ་དེར་ཚོགས་འདུ་དང་མཛད་སྒོར་མགྲོན་བརྡ་འབྱོར་རིགས་དང། གཞན་ཡང་འཚམས་འདྲི་དང་ཐུགས་གསོ་བཅས་སུ་ཕེབས་དགོས་བྱུང་ཚེ། སྤྱི་འཐུས་རྒྱུན་ལས་སམ། ཚོགས་གཙོ་སྦྲེལ་པོར་སྙན་སེང་དང་འབྲེལ་དགག་བྱ་མེད་ན་གཞུང་འབྲེལ་དུ་ངོས་བཞེས་གནང་འཐུས།

༤   རང་ཉིད་སྡོད་གནས་ཀྱི་མངའ་སྡེ་མིན་ཡང་ས་གནས་གཞན་དུ་ངེས་པར་བཅར་དགོས་བྱུང་ཚེ་རྒྱུ་མཚན་ཞིབ་འཁོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་བཀའ་འཁྲོལ་ཞུ་དགོས།

༥    སྤྱི་འཐུས་རྒྱུན་ལས་ནས་གཞུང་འབྲེལ་དུ་ངོས་བཞེས་བཀའ་འཁྲོལ་གནང་བ་དང་འབྲེལ་དགོས་གལ་བྱུང་ཚེ་ལམ་སྟོན་གནང་འཐུས། 

དོན་ཚན་དྲུག་པ།        ཕེབས་སྒྲིག་མཐུན་རྐྱེན།

༡    ས་གནས་ཀྱི་གཞུང་འབྲེལ་མཛད་སྒོ་ཁག་ཏུ་བཞུགས་གྲལ་སྒྲིག་ཕྱོགས་སྒྲིག་གཞིའི་དགོངས་དོན་བཞིན་ལག་བསྟར་བྱེད་དགོས།

༢    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པ་ཕེབས་བསུ་སྐྱེལ་དང། སོ་སོའི་སྡོད་གནས་སུ་གཞུང་འབྲེལ་མཛད་སྒོ་ཁག་བཅས་ལ་བཅར་སྐབས་ཕེབས་འཁོར་གོ་སྒྲིག་མེད་ཚེ་གླ་འཁོར་གླས་ཏེ་འཛིན་གསལ་འགྲོ་གྲོན་ཚོགས་དྲུང་ལས་ཁུངས་ཀྱི་རྩིས་ཁོངས་ནས་གཏོང་འཐུས།

དོན་ཚན་བདུན་པ།       ལས་བསྡོམས་དང་རྩིས་ཁྲ།

གཞུང་འབྲེལ་དུ་ངོས་བཞེས་གནང་བ་ཁག་གིས་ལས་བསྡོམས་དང་རྩིས་ཁྲ་བཅས་ལས་དོན་གྲུབ་ནས་ཉིན་ ༡༥ ནང་ཚུད་སྤྱི་འཐུས་རྒྱུན་ལས་དང་ཚོགས་དྲུང་ལས་ཁུངས་ཀྱི་རྩིས་ཁང་བཅས་སུ་ཕུལ་འབྱོར་ཟིན་པ་དགོས། 

དོན་ཚན་བརྒྱད་པ།       སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས། སྤྱི་འཐུས་རྒྱུན་ལས་སམ། སྤྱི་འཐུས་གང་རུང་ནས་འཆར་འབུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༣།༤།༡༠ ཉིན་ཕྱོགས་བསྒྲིགས་ཞུས།