༄༅། །ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི།

ལེའུ་དང་པོ། 

དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༩༢ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       སྒྲིག་གཞིའི་ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༠༣ འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      འགོ་འཛུགས།

སྒྲིག་གཞི་འདི་བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༩༢ ཟླ་ ༢ ཚེས་ ༡༡ ནས་འགོ་འཛུགས་བྱ་རྒྱུ།

ལེའུ་གཉིས་པ། 

དོན་ཚན་བཞི་པ།        ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས།

༡    ཀ བཅའ་ཁྲིམས་དོན་ཚན་ ༡༠༡ ནང་གསལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

ཁ གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་སུ་རུང་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

༢    བཅའ་ཁྲིམས་དོན་ཚན་ ༡༠༥ ནང་གསེས་ ༡ ནང་གསལ། ཚོགས་གཙོ་དང་ཚོགས་མི་རྣམས་ཀྱི་ལས་འཁུར་ཡུན་ཚད་ལོ་ལྔའམ། ཡང་ན་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོར་ལོན་པ་གང་སྔའི་བར་ཡིན།

དོན་ཚན་ལྔ་པ།          ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་འཕོ་འགྱུར།

ཕྱིར་བསྡུ།

དོན་ཚན་དྲུག་པ།        ཚོགས་གཙོ་དང༌། ཚོགས་མིའི་འོས་ཆོས།

༡    བོད་ཀྱི་ཡུལ་མི་ཡིན་པ།

༢    བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ནམ། ཡང་ན། སྤྱི་ཚོགས་ཀྱི་ཞབས་འདེགས་ཞུས་པའི་ཉམས་མྱོང་ལོ་བརྒྱད་ལས་མ་ཉུང་བ་ཡོད་པ།

༣   སྨན་ཁང་ངམ་ཁྲིམས་ཁང་ནས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤   ལས་བྱེད་ནས་གནས་དབྱུང་བཏང་བའམ་རང་བཞིན་བུད་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༥       ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ་དང༌། གཞུང་དངུལ་རྩིས་ཆད་འབུལ་བསྡད་ཡོད་པ་མ་ཡིན་པ།

༧   སྲིད་དོན་ཚོགས་པ་གང་རུང་གི་ཚོགས་མི་དང༌། སློབ་སྟོན་པ། ཆེ་མཐོང་ཚོགས་མི་མ་ཡིན་པ།

༨    བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

དོན་ཚན་བདུན་པ།       ཚོགས་དུས་དང་ལས་དོན་ཐག་གཅོད།

༡    ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་དོན་ཐོག་དགོས་གལ་ནམ་བྱུང་སྐབས་ལྷན་ཚོགས་བསྐྱང་དགོས་ཐོག་རྣམ་ཀུན་ཟླ་རེའི་ནང་ལྷན་འཛོམས་ཐེངས་རེ་ངེས་པར་དགོས་རྒྱུ།

༢    ལྷན་ཚོགས་ནམ་ཡིན་ལ་ཚོགས་མི་རྩ་འབོར་གྱི་གསུམ་ཆ་གཉིས་ལས་མ་ཉུང་བ་ཚང་འཛོམས་ངེས་པར་དགོས་པ་དང༌། འདེམས་བསྐོ་ལྷན་ཁང་གི་དྲུང་ཆེས་ལྷན་ཚོགས་སུ་ལས་དོན་འགྲེལ་བཤད་དང༌། བསམ་ཚུལ་འདོན་ཆོག་ཀྱང༌། ཐག་གཅོད་དང་འོས་བསྡུ་བྱེད་པའི་ཐོབ་ཐང་མེད།

༣   འདེམས་བསྐོ་ལྷན་ཁང་ནས་ཐག་བཅད་ཟིན་པའི་ལས་དོན་རྣམས་ཚོགས་གཙོའི་གཟིགས་སྐྱོང་འོག་ལས་ཁུངས་ནས་འཕྲལ་འཕྲལ་ལག་ལེན་བསྟར་རྒྱུ།

དོན་ཚན་བརྒྱད་པ།       ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་ཁུངས།

ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་རྒྱུན་ལྡན་ལས་ཁུངས་ཤིག་དགོས་པ་དང༌། དེའི་འཛིན་སྐྱོང་ཆེད་ཚོགས་གཙོའི་འོག་འགན་འཛིན་དྲུང་ཆེ་དང་ལས་བྱེད་ཇི་དགོས་ཀྱི་ས་མིག་བཟོ་རྒྱུ་དང་བསྐོ་གཞག་བཅས་ལས་བྱེད་སྤྱིའི་སྒྲིག་གཞི་ལྟར་བྱ་རྒྱུ།

དོན་ཚན་དགུ་པ།        ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་དབང༌།

༡    བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་དང་། ལས་བྱའི་སྡེ་ཚན་གྱི་ལས་བྱེད་ཡོངས་རྫོགས་ཀྱི་འདེམས་སྒྲུག་དང༌། བསྐོ་གཞག གནས་སྤར། ལས་དོན་སྦྱོང་བརྡར། གཞན་ཡང་འབྲེལ་ཆགས་སྒྲིག་གཞི་གཏན་འབེབས་བཅས་ཀྱི་ལས་དོན་རང་དབང་དྲང་བདེན་གྱིས་བྱ་རྒྱུ་དང༌། ལས་བྱེད་རྣམས་ཀྱི་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞི་བཀའ་ཤག་གིས་བཟོ་འགོད་ཀྱིས་འཆར་འབུལ་དང་བསྐྱར་བཅོས་དགོས་གལ་ནམ་བྱུང་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཞིབ་འཇུག་གིས་གཏན་འབེབས་བྱ་རྒྱུ།

༢    འགན་འཛིན་དང་ལས་བྱའི་སྡེ་ཚན་གྱི་ལས་བྱེད་རྣམས་ཀྱི་གནས་སྤར་བཀག་བསྐྱིལ་དང་། གནས་རིམ་ཕབ་པ། རྩ་དགོངས་སྤྲོད་པ། གནས་དབྱུང༌། རྩ་དགོངས་ཞུ་འཁྲོལ། བགྲེས་ཡོལ་སྔ་བསྣུར་དང་དུས་འགྱངས། བསྐྱར་བསྐོ་བཅས་སྒྲིག་གཞི་གཞིར་བཟུང་བཀའ་ཤག་ནས་འཆར་འབུལ་བྱུང་རིགས་ལ་འོས་མིན་རྟོག་ཞིབ་ཀྱིས་འོས་འཚམས་ལ་མོས་མཐུན་ལག་བསྟར་བྱ་རྒྱུ།

༣ ལས་བྱེད་སྡེ་ཚན་གང་རུང་དུ་མ་གཏོགས་པའི་དམིགས་བསལ་ཁྱད་ལས་ཞབས་གཡར་ཞུ་དགོས་དང་གཉིས་མོས་ཆོད་དོན་འོག་ལོ་དུས་རྒྱས་བཅད་ཀྱིས་བསྐོ་གཞག་དགོས་རིགས་སྒྲིག་གཞི་ཟུར་འགོད་ལྟར་འཆར་འབུལ་བྱུང་རིགས་ལ་འོས་མིན་རྟོག་ཞིབ་ཀྱིས་འོས་འཚམས་ལ་བསྐོ་གཞག་བྱ་རྒྱུ།

༤ གཞན་ཡང་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་སྒྲིག་གཞི་བཟོ་འགོད་དང་རྗེས་འབྲེལ་རྒྱུགས་ཞིབ་ཚོགས་ཆུང་ཁག་བསྐོ་འཛུགས་ཀྱིས་མཚོན་པའི་འཆར་འཕར་ལས་དོན་ཇི་བྱུང་བསྒྲུབ་རྒྱུ།

ལེའུ་གསུམ་པ།

ལས་བྱེད་ཀྱི་གནས་སྟངས།

 དོན་ཚན་བཅུ་པ།        ལས་བྱེད་ཀྱི་སྡེ་ཚན།

༡    བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་རྫོགས་གཤམ་གསལ་སྡེ་ཚན་གཉིས་སུ་དབྱེ་རྒྱུ།

ཀ   འགན་འཛིན་སྡེ་ཚན་གྱི་ལས་བྱེད།

ཁ   ལས་བྱའི་སྡེ་ཚན་གྱི་ལས་བྱེད།

༢    མ་འོངས་པར་དགོས་གལ་བྱུང་ཚེ་འགན་འཛིན་སྡེ་ཚན་གྱི་ལས་བྱེད་ནང་དུའང་ཤེས་རིག་དང༌། ཕྱི་འབྲེལ། འཛིན་སྐྱོང་ལྟ་བུའི་ནང་གསེས་སྡེ་ཚན་དབྱེ་འཐུས་ཀྱང༌། དེ་འདྲའི་དབྱེ་བ་མ་བྱུང་བར་སྡེ་ཚན་གཅིག་ཏུ་ངོས་འཛིན་བྱ་རྒྱུ།

དོན་ཚན་བཅུ་གཅིག་པ།   ལས་བྱེད་ས་མིག

༡    བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གནས་རིམ་ཡོངས་རྫོགས་ཀྱི་ས་མིག་ཇི་ཡོད་ཀྱི་མ་དེབ་དང་། ལས་བྱེད་མིང་གཞུང་མ་དེབ་ཁ་གསལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་ཁུངས་སུ་རྒྱུན་ཉར་བྱེད་དགོས།

༢    ལོ་གཉིས་རེའི་མཚམས་བཀའ་ཤག་གིས་ལས་འབོར་ཉམས་ཞིབ་ཚོགས་ཆུང་རེ་བཙུགས་ཏེ་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ས་མིག་གསར་གཏོད་དང༌། ཕྱིར་བསྡུ། བརྗེ་སྒྱུར་བཅས་གང་དགོས་བྱ་རྒྱུ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་པའི་ས་མིག་གསར་གཏོད་དང༌། ཕྱིར་བསྡུ། བརྗེ་སྒྱུར་བཅས་གང་དགོས་ཁུངས་སོ་སོ་ནས་གོ་བསྡུར་གཏན་འབེབས་ཀྱིས་བཀའ་ཤག་བརྒྱུད་ལས་བྱེད་འདེམས་ལྷན་དུ་འབུལ་རྒྱུ།

༣   ས་མིག་གསར་གཏོད་དང་ཕྱིར་བསྡུ་ཇི་བྱས་འཆར་ལོའི་ལོ་འཁོར་སྔོན་རྩིས་སུ་ཚུད་པ་བྱེད་དགོས། ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་ཟིན་རྗེས་ས་མིག་གསར་གཏོད་གཏན་འཁེལ་བར་ངོས་འཛིན་གྱིས་དེར་གཏན་འཇགས་ལས་བྱེད་འདེམས་བསྐོ་བྱ་རྒྱུ་དང༌། དེའི་བར་འཕྲལ་སེལ་ལས་བྱེད་འཇོག་དགོས། ལས་དོན་གསར་གཏོད་དང༌། རྒྱ་བསྐྱེད་ཀྱིས་ས་མིག་གསར་པ་མ་བཟོས་མཐུ་མེད་བྱུང་ཚེ། སྐབས་མཚམས་བཀའ་ཤག་ནས་ས་མིག་གསར་གཏོད་ཀྱིས་ལས་བྱེད་འདེམས་ལྷན་དུ་ཡིག་ཐོག་སྙན་སེང་ཞུ་དགོས།

༤   ས་མིག་ཡོངས་རྫོགས་ལ་སྡེ་ཚན་དང༌། གནས་རིམ། ལས་འགན། ཕོགས་རིམ། ཤེས་ཚད། ལོ་ཚད། ཕོ་མོའི་ཁྱད་པར་ཡོད་མེད། གཞན་ཡང་དགོས་ངེས་ཀྱི་ཆ་རྐྱེན་གཞན་དག་བཅས་གསལ་འཁོད་ཀྱིས་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་སྒྲིག་གཞི་གཏན་འབེབས་བྱེད་དགོས།

དོན་ཚན་བཅུ་གཉིས་པ།   ལས་བྱེད་གནས་རིམ།

༡    འགན་འཛིན་སྡེ་ཚན་གྱི་ལས་བྱེད་རྣམས་གཤམ་གསལ་གནས་རིམ་ལྔ་རུ་དབྱེ་དགོས།

ཀ   དྲུང་གཞོན་ལས་རོགས།

ཁ   དྲུང་ཆེ་གཞོན་པ།

ག   ཟུང་འབྲེལ་དྲུང་ཆེ།

ང   དྲུང་ཆེ་ལས་འཕར།

ཅ   དྲུང་ཡིག་ཆེན་མོ་བཅས། ལས་འགན་ལ་གཞིགས་པའི་གོ་མིང་འདྲ་མིན་གང་འདོགས་ཀྱང༌། འགན་འཛིན་སྡེ་ཚན་གྱི་ལས་བྱེད་ཡོངས་རྫོགས་གནས་རིམ་ལྔའི་ནང་འདུ་དགོས། གནས་རིམ་རེ་རེའི་ནང་དུའང་ཨང་རིམ་དང་གཉིས་ཕྱེ་རྒྱུ་དགོས་གལ་བྱུང་ཚེ་འདེམས་ལྷན་ནས་ཐག་གཅོད་བྱ་འཐུས།

༢    ལས་བྱའི་སྡེ་ཚན་གྱི་ལས་བྱེད་རྣམས་ཀྱང་གཤམ་གསལ་གནས་རིམ་དྲུག་ཏུ་དབྱེ་དགོས།

ཀ   ལས་བྱ།

ཁ   གཞོན་དྲུང།

ག   རྒན་དྲུང༌།

ང   ལས་དྲུང༌།

ཅ   ལས་ཁུངས་དོ་དམ་པ།

ཆ   སྡེ་ཚན་འགན་འཛིན་བཅས། ལས་འགན་ལ་གཞིགས་པའི་གོ་མིང་འདྲ་མིན་གང་འདོགས་ཀྱང་ལས་བྱའི་སྡེ་ཚན་གྱི་ལས་བྱེད་ཡོངས་རྫོགས་གནས་རིམ་དྲུག་གི་ནང་འདུ་དགོས།

༣ གོང་གསལ་སྡེ་ཚན་གཉིས་ཀའི་ལས་བྱེད་རྣམས་ཞབས་ལོ་དང་ད་ལྟའི་ཕོགས་རིམ་ལ་གཞིགས་པའི་གནས་རིམ་གང་འོས་སུ་འཇུག་རྒྱུའི་ལས་བྱེད་རྒན་གཞོན་གྲལ་རིམ་མཚན་གཞུང་ཁྲིམས་སྲོལ་ལྟར་གཏན་འབེབས་བྱ་རྒྱུ།

༤   རྒན་གཞོན་གྲལ་རིམ་མཚན་གཞུང་འགོད་སྟངས། གནས་རིམ་གོང་མ་གོང་མ་འོག་མ་འོག་མ་ལས་རྒན་པ་དང༌། གནས་རིམ་གཅིག་གྱུར་ལ་ཕོགས་རིམ་མཐོ་དམན་ཡོད་ན་ཕོགས་རིམ་མཐོ་བ་རྒན་པ་དང༌། གནས་རིམ་དང་ཕོགས་རིམ་འདྲ་མཉམ་རྣམས་ཞབས་བཅར་ཟླ་ཚེས་སྔ་རྟིང་དང༌། ཞབས་བཅར་ཟླ་ཚེས་གཅིག་གྱུར་རྣམས་གནས་རིམ་འོག་མའི་ཞབས་ལོ་རྒན་གཞོན་དང༌། དེ་ཡང་མེད་ན་རང་ལོ་རྒན་གཞོན་དང༌། དེ་ཡང་གཅིག་གྱུར་སྲིད་ཚེ་མིང་ཡིག་དང་པོའི་ཀ་མད་སྔོན་རྗེས་ལྟར་འཇོག་རྒྱུ། ད་དུང་ཐག་གཅོད་མ་བྱུང་ཚེ་ལས་བྱེད་འདེམས་ལྷན་ནས་ཐག་གཅོད་བྱ་རྒྱུ།

ལེའུ་བཞི་པ།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས།

དོན་ཚན་བཅུ་གསུམ་པ།   ལས་བྱེད་འདེམས་བསྐོ་བྱ་ལམ།

༡       འགན་འཛིན་སྡེ་ཚན་གྱི་ལས་བྱེད་ཁོངས། དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་ལྔ་བཅུ་ལས་མ་བརྒལ་བ་ཞིག་འོས་ཆོས་ཚང་བའི་གནས་རིམ་འོག་མ་ནས་གནས་སྤར་དང༌། བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་ཞིག་ཐད་ཀར་འདེམས་བསྐོ་དང་། ཞབས་གཡར། ཆོད་གན་བཅས་ཐོག་བསྐོ་འཐུས། དྲུང་ཆེ་གཞོན་པ་དང༌། ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་སུམ་ཅུ་ལས་མ་བརྒལ་བ་ཞིག་ཐད་ཀར་འདེམས་བསྐོ་དང༌། ཞབས་གཡར། ཆོད་གན་བཅས་ཐོག་བསྐོ་འཐུས། བརྒྱ་ཆ་བདུན་ཅུ་ལས་མི་ཉུང་བ་གནས་སྤར་གྱིས་བསྐོ་རྒྱུ། དྲུང་ཆེ་ལས་འཕར་དང༌། དྲུང་ཆེའི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་ལྔ་ལས་མི་བརྒལ་བ་ཞིག་ཞབས་གཡར་ཐོག་བསྐོ་འཐུས་ཀྱང་བརྒྱ་ཆ་གོ་ལྔ་ལས་མ་ཉུང་བ་གནས་སྤར་གྱིས་བསྐོ་རྒྱུ་ལས་ཐད་ཀར་འདེམས་བསྐོ་མི་ཆོག

༢    ལས་བྱའི་སྡེ་ཚན་གྱི་ལས་བྱེད་ཁོངས་ལས་བྱ་དང་གཞོན་དྲུང་གནས་རིམ་དུ་ཐད་ཀར་འདེམས་བསྐོ་ཁོ་ན་དང༌། དེ་ཡན་གནས་རིམ་གཞན་བཞིར་ས་མིག་རྩ་འབོར་གྱི་བརྒྱ་ཆ་ཉེར་ལྔ་ལས་མ་བརྒལ་བ་རེ་ཐད་ཀར་གསར་འདེམས་དང༌། ཞབས་གཡར། ཆོད་གན་བཅས་ཀྱིས་བསྐོ་གཞག་ཆོག་རྒྱུ། བརྒྱ་ཆ་དོན་ལྔ་ལས་མ་ཉུང་བ་གནས་སྤར་གྱིས་བསྐོ་གཞག་བྱ་རྒྱུ།

༣ སྡེ་ཚན་གཉིས་ཀར་འདེམས་བསྐོའི་བརྒྱ་ཆ་ཚང་རྗེས་ས་མིག་སྟོང་པ་ཐོན་ཉིན་ནས་བཟུང་ཉིན་དགུ་བཅུ་ལྷག་པའི་དུས་ཡུན་ནང་གནས་སྤར་ཆེད་འོས་ཆོས་ཚང་བའི་མི་འགྲོ་མེད་ཚེ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་དགོས་གལ་དང་བསྟུན་པའི་ཐད་ཀར་འདེམས་བསྐོའི་བརྒྱ་ཆ་མང་དུ་གཏོང་འཐུས།

དོན་ཚན་བཅུ་བཞི་པ།    འགན་འཛིན་སྡེ་ཚན་གྱི་ལས་བྱེད་གསར་འདེམས།

༡    འགན་འཛིན་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་འདེམས་རྒྱུགས་སུ་ཞུགས་པ་ལ།

ཀ   བོད་ཀྱི་ཡུལ་མི་རང་ལོ་ཉེར་གཅིག་ལས་མི་ཉུང་ཞིང༌། སོ་ལྔ་ལས་མ་བརྒལ་བ།

ཁ   ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཡིག་རྒྱུགས་ཚད་ལྡན་བརྒྱུད་བོད་ཡིག་གཙོ་གྱུར་སྐད་ཡིག་གང་རུང་གི་ཐོག་དེ་དང་གནས་ཚད་མཉམ་པར་ངོས་ལེན་ཐུབ་པའི་ཤེས་ཚད་ཡོད་པ།

ག   བཟང་སྤྱོད་དང་འགལ་བའི་ནག་ཉེས་བྱས་པར་ཁྲིམས་ཁང་ནས་ཉེས་ཆད་ཕོག་པ་མ་ཡིན་པ།

ང   བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་གཏོགས་དང་བཅས་པའི་ལས་བྱེད་ནས་གནས་དབྱུངབཏང་བ་མ་ཡིན་པ།

ཅ   སྲིད་དོན་ཚོགས་པ་གང་རུང་གི་ཚོགས་མི་མ་ཡིན་པ།

ཆ སྡེ་ཚན་གཉིས་ཀའི་ལས་བྱེད་གང་ཞིག་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་གསར་འདེམས་ཐོག་བཀའ་ཤག་ནས་ལས་འགན་བཀོད་སྒྲིག་ཟིན་པ་ཞིག་རྩ་དགོངས་སམ་རང་མཚམས་ལས་བཅར་མ་ཞུས་པའི་རིགས་ནས་ལོ་གསུམ་རིང་འདེམས་རྒྱུགས་སུ་འཛུལ་ཞུགས་མི་ཆོག

༢    ལོ་ལྟར་རམ་ལོ་ངོ་གཉིས་གསུམ་མཚམས་འཛིན་སྐྱོང་ཁོངས་འགན་འཛིན་སྡེ་ཚན་གྱི་ས་མིག་སྟོང་པ་ཐོན་པར་ལས་བྱེད་གསར་བསྐོའི་ཞུ་བསྐུལ་བཀའ་ཤག་ནས་འབྱོར་བ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཚོགས་དྲུང་ལས་ཁུངས་ནས་ལས་བྱེད་གསར་བསྐོའི་ཞུ་བསྐུལ་བཀའ་ཤག་བརྒྱུད་བྱུང་འཕྲལ་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་སྒྲིག་གཞི་གཞིར་བཟུང་གནས་ཚུལ་ཆ་ཚང་འཁོད་པའི་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ།

༣ གསལ་བསྒྲགས་སུ་འཁོད་པའི་དུས་ཚེས་ནང་ཚུན་གཏན་འབེབས་སྙན་ཤོག་རེའུ་མིག་བསྐངས་ཏེ་ཕུལ་འབྱོར་བྱུང་བའི་སྙན་ཤོག་རྣམས་ཞིབ་བཤེར་གྱིས་ཆ་རྐྱེན་ཚང་བའི་འོས་མི་ཚང་མར་འབོད་བརྡ་བཏང་སྟེ་འབྲི་རྒྱུགས་ལེན་རྒྱུ།

༤   འབྲི་རྒྱུགས་ལེན་ཐོན་རྣམས་ལ་ངོ་འཕྲད་ངག་རྒྱུགས་ཚད་ལྡན་ལེན་རྒྱུ།

༥ འབྲི་རྒྱུགས་དང་ངོ་འཕྲད་ངག་རྒྱུགས་གཉིས་ཀ་འཕྲོད་པའི་འོས་མི་ཇི་ཡོད་ཀྱི་ཨང་ཐོབ་བསྡོམས་པའི་མང་ཉུང་གོ་རིམ་འཁྲུག་མེད་ཀྱི་མཚན་གཞུང་བཟོས་ཐོག་ས་མིག་སྟོང་པ་ཇི་ཡོད་ལ་ཨང་རིམ་རྩེ་བཏོག་གིས་བསྐོ་གཞག་གནང་རྒྱུ་དང༌། དེ་འཕྲོས་མིང་གཞུང་བསྐོ་གཞག་གི་གསལ་བསྒྲགས་དང་པོ་ཐོན་པའི་ཚེས་གྲངས་ནས་ཉིན་ ༡༨༠ རིང་བདག་ཉར་བྱས་ཏེ་སྒུག་ཐོའི་བང་རིམ་དུ་འཇོག་རྒྱུ། སྔོན་དུ་བསྐོ་གཞག་སོང་ཁོངས་ནས་ཞབས་བཅར་མ་ཞུས་པའི་ས་མིག་དང༌། ཉིན་གྲངས་ ༡༨༠ ནང་ཚུན་ས་མིག་སྟོང་པ་ཐོན་རིགས་བཅས་སུ་སྒུག་ཐོའི་བང་རིམ་རྩེ་བཏོག་གིས་མིང་མཚམས་གར་འཁེལ་ནས་བསྐོ་གཞག་བྱ་འཐུས། གོང་གསལ་ཉིན་གྲངས་ ༡༨༠ འདས་རྗེས་འཕྲོས་སྒུག་ཐོའི་མིང་གཞུང་རྩིས་མེད་དུ་གཏོང་རྒྱུ། དེ་རྗེས་འདེམས་བསྐོ་དགོས་རིགས་གསལ་བསྒྲགས་དང་རྒྱུགས་བཞེས་གསར་དུ་གནང་དགོས།

༦   དྲུང་ལས་དང་། དྲུང་གཞོན། ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་ཐད་ཀར་འདེམས་བསྐོ་བྱ་དགོས་རིགས། གནས་རིམ་འདི་དག་ཏུ་གསར་འདེམས་བྱ་རྒྱུར་འབྲི་རྒྱུགས་དང་། ངོ་འཕྲད་ངག་རྒྱུགས་ཇི་དགོས་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་སྒྲིག་གཞི་ནང་གསལ་ལྟར་གཏན་འབེབས་བྱ་རྒྱུ། ལས་བྱེད་ཡིན་མུས་རིགས་ཀྱི་སྙན་ཤོག་སྡེ་ཚན་གང་ཡིན་དེའི་འགན་འཛིན་ནས་འབུལ་བརྒྱུད་རྒྱབ་གཉེར་ཡོད་པ་དང་། འདས་མ་ཐག་པའི་ལོ་བསྟུད་མ་གསུམ་གྱི་གསང་བའི་སྙན་ཤོག་རེའུ་མིག་དཔྱད་ཞིབ་ཀྱིས་དེའི་ནང་བརྗོད་ཚིག་ངན་པ་གཅིག་ཀྱང་མེད་ན་ངོ་འཕྲད་ངག་རྒྱུགས་སུ་འབོད་འཐུས། ཚོད་བལྟའི་དུས་ཡུན་རིང་གནས་རིམ་གོང་མའི་འོས་མིར་ཞུགས་མི་ཆོག དྲུང་གཞོན་དང་། ཟུང་འབྲེལ་དྲུང་ཆེའི་གནས་རིམ་གྱི་ཐད་ཀར་འདེམས་བསྐོའི་རྒྱུགས་སྤྲོད་ནང་ཞུགས་རྒྱུར་དྲུང་གཞོན་ལ་ལོ་བཞི་དང་། ཟུང་དྲུང་ལ་ལོ་བརྒྱད་བོད་མིའི་སྒྲིག་འཛུགས་སམ་སྡེ་ཚན་གང་རུང་ནང་འཛིན་སྐྱོང་གི་ལས་མྱོང་ཡོད་དགོས།

༧ སྡེ་ཚན་གང་གི་ཆེད་ཞབས་གཡར་དུ་བསྐོ་གཞག་བྱ་རྒྱུའི་རིགས༌གནས་རིམ་གང་དུ་ཡིན་རུང་བཀའ་ཤག་ནས་ཤེས་ཚད་ལོ་རྒྱུས་དཔྱད་ཞིབ་ཐོག་འཆར་འབུལ་བྱུང་བསྟུན་འབྲི་རྒྱུགས་མ་དགོས་ཀྱང༌། ངོ་འཕྲད་ངག་རྒྱུགས་དགོས་མིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ཐག་གཅོད་བྱ་འཐུས།

དོན་ཚན་བཅོ་ལྔ་པ།      ལས་བྱའི་སྡེ་ཚན་གྱི་ལས་བྱེད་གསར་འདེམས།

༡    འཛིན་སྐྱོང་ཁོངས་ལས་བྱའི་སྡེ་ཚན་གྱི་ས་མིག་སྟོང་པ་ཐོན་པར་ལས་བྱེད་གསར་བསྐོའི་ཞུ་བསྐུལ་བཀའ་ཤག་ནས་འབྱོར་བ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཚོགས་དྲུང་ལས་ཁུངས་ནས་ལས་བྱེད་གསར་བསྐོའི་ཞུ་བསྐུལ་བཀའ་ཤག་བརྒྱུད་བྱུང་མཚམས་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་སྒྲིག་གཞི་ནང་གསལ་གྱི་གནས་ཚུལ་འཁོད་པའི་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་དང༌། གསལ་བསྒྲགས་སུ་གསལ་བའི་འོས་ཆོས་ཚང་བ་ཁོ་ནས་འཚང་སྙན་འབུལ་ཆོག

༢    ལས་བྱའི་སྡེ་ཚན་གྱི་ལས་བྱེད་དུ་གཏོགས་པ་ཡིན་ན་རང་ལོ་ ༤༠ བར་འདེམས་རྒྱུགས་སུ་ཞུགས་ཆོག

༣   རྒན་དྲུང་གནས་རིམ་ཡན་ཆད་དུ་འཛུལ་ཞུགས་བྱེད་མཁན་ལས་བྱེད་ཡིན་ན་གཏན་འབེབས་ལོ་ཚད་ནས་མང་མཐའ་ལོ་ལྔ་བར་དམིགས་བསལ་གོ་སྐབས་སྤྲོད་འཐུས། སྙན་ཤོག་སྡེ་ཚན་གང་ཡིན་དེའི་གོང་རིམ་ནས་འབུལ་བརྒྱུད་རྒྱབ་གཉེར་ཡོད་པ་དང༌། འདས་མ་ཐག་པའི་ལོ་བསྟུད་མ་གསུམ་གྱི་གསང་བའི་སྙན་ཤོག་རེའུ་མིག་དཔྱད་ཞིབ་ཀྱིས་དེའི་ནང་བརྗོད་ཚིག་ངན་པ་གཅིག་ཀྱང་མེད་ན་རྒྱུགས་སྤྲོད་དུ་འབོད་འཐུས།

༤   སྡེ་ཚན་གཉིས་ཀའི་ལས་བྱེད་སུའང་གནས་རིམ་གོང་མར་རྒྱུགས་འཕྲོད་བཀོད་སྒྲིག་བྱུང་བསྟུན་སྔོན་གྱི་ཞབས་ཡུན་ཇི་ཡོད་ཞབས་ལོའི་ཁོངས་སུ་བརྩི་རྒྱུ་ཡང༌། ཞབས་ཡུན་སྔ་མའི་སྡེབ་གསོག་གུང་སེང་རྩིས་ཁུར་མི་ཆོག ཟླ་དྲུག་ཚོད་ལྟ་ངེས་པར་བརྒྱུད་དགོས།

༥   ཞབས་གཡར་དུ་བསྐོ་གཞག་བྱ་རྒྱུའི་རིགས་གནས་རིམ་གང་དུའང་ལོ་རྒྱུས་འགེངས་ཤོག་དཔྱད་ཞིབ་ཐོག འབྲི་རྒྱུགས་མ་དགོས་ཀྱང༌། ངོ་འཕྲད་རྒྱུགས་སྤྲོད་དགོས་མིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ཐག་གཅོད་བྱ་འཐུས།

༦   ཐུན་མོང་བ་དང་ཁྱད་པར་བའི་ས་མིག་སོ་སོའི་ཆེད་རྒྱུགས་ཐོན་རྣམས་ཨང་ཐོབ་མང་ཉུང་གི་གོ་རིམ་ལྟར་རྩེ་བཏོག་གིས་ས་མིག་སྟོང་པ་ཇི་ཡོད་ལྟར་བསྐོ་གཞག་བྱ་རྒྱུ་དང༌། འདེམས་བསྐོ་གསལ་བསྒྲགས་དང་པོ་ཐོན་ཉིན་ནས་ཉིན་ ༡༨༠ རིང་མིང་ཐོ་བདག་ཉར་གྱིས་སྔོན་བསྐོས་ཞབས་བཅར་མ་ཞུས་པའི་རིགས་ཀྱི་ཚབ་དང༌། དུས་ཡུན་མ་རྫོགས་གོང་ས་མིག་སྟོང་པ་གསར་ཐོན་བཅས་ལ་མིང་མཚམས་གར་འཁེལ་ནས་བསྐོ་གཞག་བྱ་རྒྱུ། གོང་གསལ་དུས་ཡུན་འདས་རྗེས་རྒྱུགས་ཐོན་མིང་ཐོ་རྩིས་མེད་བྱ་རྒྱུ།

དོན་ཚན་བཅུ་དྲུག་པ།     ལས་བྱེད་གནས་སྤར་དང་། བཀོད་སྒྲིག འཕོ་ལེན།

༡ སྡེ་ཚན་གཉིས་ཀའི་ལས་བྱེད་རྣམས་ཚོད་བལྟའི་དུས་ཡུན་ཕུད་པའི་གནས་རིམ་གཅིག་ཏུ་མུ་མཐུད་ཞབས་ལོ་བདུན་ཧྲིལ་པོར་ལོན་པ་རྣམས་གནས་རིམ་གོང་མར་གནས་སྤར་བྱ་རྒྱུའི་འོས་ཆོས་ཚང་བ་ཡིན། ལས་དོན་མཚམས་འཇོག་བྱེད་དུ་བཅུག་པ་དང༌། ཕོགས་མེད་གུང་གསེང་བཅས་ཀྱི་དུས་ཡུན་གོང་གསལ་ཞབས་ལོའི་ཁོངས་སུ་མི་བརྩི།

༢    ལོ་ལྟར་ཕྱི་ཟླ་དང་པོ་དང་ ༧ པ་སོ་སོར་ཞབས་ལོ་བདུན་ལོངས་པའི་གནས་རིམ་གཅིག་པའི་ལས་བྱེད་ཡོངས་རྫོགས་ཀྱི་འདས་མ་ཐག་པའི་ལོ་གསུམ་གྱི་གསང་སྙན་རེའུ་མིག་སྤྱི་དང་ཁྱད་པར་གནས་སྤར་འོས་མིན་གྱི་རེའུ་མིག་ལ་ཞིབ་འཇུག་གིས་བརྗོད་ཚིག་ངན་པ་གཅིག་ཀྱང་མེད་པ་དང༌། གནས་སྤར་འོས་པའི་རྒྱབ་གཉེར་ཡོད་རིགས་རྣམས་གནས་སྤར་བྱ་རྒྱུའི་མིང་ཐོ་རྒན་གཞོན་གྲལ་རིམ་གཞིར་བཟུང་གིས་བཟོས་ཏེ་གནས་རིམ་གོང་མར་གནས་སྤར་བྱ་རྒྱུ་དང༌། ཟླ་དྲུག་ནང་ཚུན་གནས་རིམ་གོང་མའི་ས་མིག་སྟོང་པ་མ་ཐོན་ན་འོས་མི་སྒེར་དེར་གནས་རིམ་གོང་མར་གནས་སྤར་བྱ་རྒྱུ་དང་གནས་སྤར་འདི་རིགས་གནས་སྤར་གྱི་བརྒྱ་ཆའི་ནང་བརྩི་མི་དགོས།

༣   ཞབས་ལོ་ཚང་ཡང་གསང་སྙན་ཐོག་ནས་གནས་སྤར་འོས་ཆོས་མ་ཚང་བའི་རིགས་ལ་རྒྱུ་མཚན་གསལ་བཀོད་ཀྱི་ཡིག་ཆུང་སྤྲད་དེ་དོ་བདག་སོ་སོར་ལེགས་བཅོས་གཏོང་རྒྱུའི་གཞེན་བསྐུལ་བྱེད་དགོས་ཤིང༌། ལོ་གཉིས་མཚམས་ནས་བསྐྱར་ཞིབ་བྱ་རྒྱུ།

༤   གནས་རིམ་གོང་མར་གནས་སྤར་ཆེད་ས་མིག་སྟོང་པ་ཡོད་པ་དང༌། གནས་རིམ་འོག་མའི་ལས་བྱེད་གནས་རིམ་དེར་ཚོད་བལྟ་དང་ཕོགས་མེད་གུང་གསེང་དུས་ཡུན་ཕུད་ལོ་གཉིས་ལས་ལྷག་ཞབས་ཞུས་ཟིན་པ། གསང་སྙན་རེའུ་མིག་གི་བརྗོད་ཚིག་ལེགས་ཤོས་མང་བ་ཡོད་པ་བཅས་བྱུང་ན་རྒན་རིམ་ལྟར་གནས་སྤར་བྱ་འཐུས།

༥ གནས་སྤར་གོ་རིམ་ཞབས་ལོ་རྒན་རིམ་ལ་ངེས་པར་ལྟོས་དགོས་ཀྱང་དམིགས་བསལ་བྱས་རྗེས་ཅན་གྱི་ལས་བྱེད་གསང་སྙན་དུ་རྒན་རིམ་རེས་མོས་མ་སྒུག་པར་གནས་སྤར་བྱ་དགོས་ཀྱི་ལོ་གཉིས་བསྟུད་མར་རྒྱབ་གཉེར་འབྲེལ་ཡོད་ལས་ཁུངས་ནས་ཡོད་པ་དང༌། དེ་ཐོག་བཀའ་ཤག་ནས་རྒྱབ་གཉེར་བྱུང་ཚེ་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ཀྱིས་ཞིབ་འཇུག་གནང་སྟེ་ལྷན་ཚོགས་སྤྱི་མོས་བྱུང་ན་རྒན་རིམ་རེས་མོས་མ་སྒུག་པར་གནས་སྤར་བྱ་འཐུས། འདི་རིགས་ལ་རྒྱུ་མཚན་ཞིབ་གསལ་ཡིག་ཐོག་ཏུ་འགོད་དགོས།

༦   གནས་སྤར་གང་ཡང་དེ་མ་ཐག་པའི་གནས་རིམ་གོང་མ་དེར་མ་གཏོགས་གནས་རིམ་གཅིག་ལས་མང་བ་རྒྱངས་སྤར་ནམ་ཡང་མི་ཆོག འོན་ཀྱང་གནས་སྤར་དང་ལེན་མ་ཞུས་ཚེ་དོ་བདག་གང་དེར་གནས་སྤར་མ་ཞུས་པའི་དུས་ཚེས་ནས་ལོ་བདུན་རིང་གནས་སྤར་བྱ་རྒྱུའི་འོས་ཆོས་ཚང་བར་ངོས་འཛིན་མི་དགོས། དང་ལེན་མ་ཞུས་ཚེ་འདེམས་ལྷན་ནས་གནས་སྤར་གནང་ཚེས་ནས་ཟླ་གྲངས་ ༣ ནང་ཚུད་དོ་བདག་ནས་བཀའ་ཤག་ཏུ་ཞུ་ཡིག་ཕུལ་འབྱོར་ཟིན་པ་དགོས། གནས་རིམ་གཅིག་གནས་སྤར་བྱུང་རྗེས་གནས་སྤར་རྗེས་མའི་འོས་ཆོས་དང༌། ལོ་དུས་གོང་གསལ་དོན་ཚན་ཁག་ཏུ་འཁོད་པ་ལྟར་ཚང་དགོས།

༧   ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཚོགས་དྲུང་ལས་ཁུངས། རང་དབང་ལྡན་པའི་སྡེ་ཚན་གྱི་ལས་ཁུངས་ཁག་བཅས་ཀྱི་ས་མིག་གཏན་འབེབས་ལྟར་གྱི་དགོས་མཁོའི་ལས་བྱེད་བཀོད་སྒྲིག་དང་། འཕོ་ལེན་མ་གནང་གོང་ཁུངས་སོ་སོར་གོ་བསྡུར་དགོས་རྒྱུ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབུས་སའི་ལས་བྱེད་ནང་ཁུལ་གནས་སྤོ་དགོས་རིགས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བྱ་རྒྱུ།

༨   ས་མིག་བསྐང་རྒྱུར་དུས་ཡུན་འགོར་གཞི་ཡོད་པ་དང་། གནས་རིམ་གོང་མའི་ལས་འགན་ལེན་ཐུབ་པའི་འོས་འཕེར་ཅན་གྱི་ལས་བྱེད་ཡོད་ཚེ། སྡེ་ཚན་གཉིས་ཀའི་གནས་རིམ་གོང་མའི་ས་མིག་གང་རུང་དུ་གནས་རིམ་གཅིག་ལས་དམའ་བའི་ལས་བྱེད་ཅིག་མང་མཐའ་ལོ་བཞི་ལས་མ་བརྒལ་བར་ལས་ཚབ་ཏུ་བསྐོ་གཞག་བྱེད་ཆོག་ཅིང་། ལས་ཚབ་ཀྱི་ལས་རྒྱུན་རིང་གནས་རིམ་གོང་མའི་ཕོགས་དང་ཐོབ་ཐང་ཇི་ཡོད་ཞུ་སྤྲོད་བྱེད་ཆོག

དོན་ཚན་བཅུ་བདུན་པ།   ཞབས་གཡར་དང་ཆོད་དོན་བསྐོ་གཞག

༡ འགན་འཛིན་དང་ལས་བྱའི་སྡེ་ཚན་གང་དུའང་རང་སྐྱོང་སྡེ་ཚན་གང་ཞིག་ནས་ལས་བྱེད་གཡར་པོ་བྱ་དགོས་རིགས་གཏན་འབེབས་ལོ་རྒྱུས་འགེངས་ཤོག་བསྐངས་ཏེེ་ས་མིག་གང་གི་ཆེད་ཞབས་གཡར་ཞུ་རྒྱུའི་དགོས་མཁོ་དང་འཚམས་མིན་ཞིབ་འཇུག་ཐོག་འོས་འཚམས་ཡོད་ཚེ་མང་མཐའ་ལོ་བཞི་ལས་མ་བརྒལ་བའི་དུས་ཡུན་བར་བསྐོ་གཞག་བྱ་འཐུས།

༢ སྡེ་ཚན་གཉིས་ཀའི་ལས་བྱེད་གང་ཡང་སྒྲིག་འཛུགས་གཞན་ལ་ཞབས་གཡར་གཏོང་འཆར་ཡོད་རིགས་ཀྱང་བཀའ་ཤག་བརྒྱུད་འཆར་འབུལ་ལ་རྟོག་ཞིབ་ཀྱིས་འོས་འཚམས་མཆིས་ན་མང་མཐའ་ལོ་བཞི་ལས་མ་བརྒལ་བའི་དུས་ཡུན་རིང་གཏོང་ཆོག

༣ སྒྲིག་འཛུགས་གཞན་གྱི་གཏན་འཇགས་ལས་བྱེད་མིན་ཡང་ལོ་དུས་རྒྱས་བཀག་གཉིས་མོས་ཆོད་དོན་འོག་བསྐོ་གཞག་བྱ་དགོས་རིགས་གཏན་འབེབས་ལོ་རྒྱུས་འགེངས་ཤོག་ནང་ལོ་རྒྱུས་བསྐངས་ཏེ་ས་མིག་གང་གི་ཆེད་ཆོད་དོན་བསྐོ་གཞག་བྱ་རྒྱུའམ། ཡང་ན་སྡེ་ཚན་དང་ས་མིག་མེད་པར་དམིགས་བསལ་ལས་གཞིའི་འོག་ལས་གཞིའི་དགོས་དངུལ་ནས་ཕོགས་འབབ་སྤྲད་དེ་ཆོད་དོན་བསྐོ་གཞག་བྱ་དགོས་ཇི་ལྟར་ཡང་འོས་མིན་ཞིབ་འཇུག་ཐོག་འོས་ཚེ་མང་མཐའ་ལོ་བཞི་ལས་མ་བརྒལ་བའི་དུས་ཡུན་བར་ལས་འགན་དང༌། ཕོགས་རིམ། ཁེ་ཕན་གཞན་བཅས་ཁ་གསལ་བཀོད་པའི་གཉིས་མོས་ཆོད་དོན་ཐོག་མིང་རྟགས་བཀོད་དེ་ཆོད་གན་སྒྲིག་གཞི་ལྟར་བསྐོ་གཞག་བྱ་འཐུས།

དོན་ཚན་བཅོ་བརྒྱད་པ།   འཕྲལ་སེལ་ལས་བྱེད།

༡ ལས་བྱའི་སྡེ་ཚན་གྱི་ལས་བྱེད་ས་མིག་སྟོང་པ་ལུགས་མཐུན་གྱིས་བསྐང་རྒྱུར་ཟླ་བ་གཅིག་ལྷག་འགོར་རྒྱུན་ཡོང་གཞི་ཡོད་ན་གནས་ཚད་ཚང་བའི་འཕྲལ་སེལ་ལས་བྱེད་ས་མིག་གང་ཡིན་དེའི་ཕོགས་རིམ་ཐོག་ཟླ་བ་གསུམ་ལས་མ་བརྒལ་བའི་དུས་ཡུན་རིང་སྡེ་ཚན་སོ་སོའི་འགན་འཛིན་གྱིས་བསྐོ་གཞག་བྱ་འཐུས། ཟླ་བ་གསུམ་ལས་བརྒལ་བའི་དུས་ཡུན་རིང་བསྐོ་གཞག་བྱ་དགོས་རིགས་འོས་མིའི་ཤེས་ཚད་ལོ་རྒྱུས་ཞིབ་བཀོད་ཀྱིས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བཀའ་འཁྲོལ་ཞུ་དགོས།

༢ ས་མིག་མེད་པར་དམིགས་བསལ་ལས་དོན་འཕར་མ་ཞིག་གི་ཆེད་དུ་འཕྲལ་སེལ་ལས་བྱེད་བསྐོ་གཞག་བྱ་དགོས་ཤར་ཚེ་ལས་དོན་དང་མི་འགྲོའི་གནས་ཚད་ལ་གཞིགས་པའི་ལས་བྱའི་སྡེ་ཚན་གྱི་གནས་རིམ་གང་འོས་ཀྱི་ཕོགས་རིམ་དུ་ཟླ་བ་གསུམ་ལས་མ་བརྒལ་བའི་དུས་ཡུན་རིང་ཕོགས་གྲོན་དགོས་དངུལ་འཕར་མ་ཞུ་དགོས་མེད་ན་སྡེ་ཚན་སོ་སོའི་འགན་འཛིན་གྱིས་བསྐོ་གཞག་བྱ་འཐུས། ཟླ་བ་གསུམ་ལས་བརྒལ་བའི་དུས་ཡུན་རིང་བསྐོ་གཞག་བྱ་དགོས་རིགས་འོས་མིའི་ལོ་རྒྱུས་ཞིབ་འགོད་ཀྱིས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བཀའ་འཁྲོལ་ཞུ་དགོས་ཤིང༌། དེ་ཡང་ཕོགས་གྲོན་དགོས་དངུལ་འཕར་མ་ཞུ་དགོས་ཀྱི་བཀའ་འཁྲོལ་ཐོབ་ཡོད་མེད་གསལ་འགོད་ཀྱིས་འདེམས་ལྷན་དུ་བཀའ་འཁྲོལ་ཞུ་དགོས། དགོས་དངུལ་བཀའ་འཁྲོལ་མ་བྱུང་བར་བསྐོ་གཞག་མི་ཆོག

༣   འཕྲལ་སེལ་ལས་བྱེད་སུའང་ཁྱོན་ཟླ་བ་ ༡༢ ལས་བརྒལ་བའི་དུས་ཡུན་རིང་བསྐོ་གཞག་མི་ཆོག

༤   འགན་འཛིན་སྡེ་ཚན་གྱི་ལས་བྱེད་གནས་རིམ་དུ་ས་མིག་སྟོང་པ་ཡོད་མེད་ཇི་ལྟར་ཡང་འཕྲལ་སེལ་ལས་བྱེད་བསྐོ་གཞག་བྱེད་མི་ཆོག་ཅིང༌། ས་མིག་སྟོང་པ་རྒྱུན་རིང་ལུས་པ་བྱུང་ཚེ་ལས་བྱེད་སྒྲིག་གཞི་ལྟར་འགན་འཛིན་སྡེ་ཚན་གྱི་ལས་བྱེད་གཞན་ཞིག་ལ་མཉམ་ལྕོགས་ལས་འགན་སྤྲད་རྒྱུ། དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཡིན་ན་སྡེ་ཚན་འགན་འཛིན་གྱི་གནས་རིམ་དུ་ཡོད་པའི་ལས་བྱའི་སྡེ་ཚན་གྱི་ལས་བྱེད་ཅིག་ལས་ཚབ་ཏུ་བསྐོ་རྒྱུ་གང་འོས་བྱ་རྒྱུ་དང༌། འདི་ཡང་དུས་ཡུན་ལོ་གཅིག་ལས་མ་བརྒལ་བ་དགོས་རྒྱུ། འཕྲལ་སེལ་ལས་བྱེད་རྣམས་ལ་སྡོད་ཁང་དང༌། གསོག་དངུལ། བགྲེས་ཡོལ་བཅས་ཀྱི་ཐོབ་ཐང་མེད་ཅིང་གཏན་འཇགས་ལས་བྱེད་འོས་གཞིར་ཞུགས་སྐབས་ཀྱང་སྤྱི་མཚུངས་འགྲན་བསྡུར་བྱ་རྒྱུ་ལས་དམིགས་བསལ་གྱི་ཐོབ་ཐང་གང་ཡང་མེད།

དོན་ཚན་བཅུ་དགུ་པ།    དམིགས་བསལ་བསྐོ་གཞག

༡ ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུར་སྒྲིག་གཞི་འདིའི་དོན་ཚན་ཁག་དང་བསྟུན་གནང་མ་དགོས་ཤིང༌། བསྐོ་གཞག་འདི་རིགས་ཀྱི་མི་འགྲོ་ལས་བྱེད་མ་ཡིན་པ་ཞིག་ཡིན་ན་ཕོགས་རིམ་དང་ཁེ་ཕན་གཞན་དག་བསྐོ་གཞག་དང་ཆབས་ཅིག་གཏན་འབེབས་གནང་རྒྱུ་དང༌། ལས་བྱེད་ཅིག་ཡིན་ན་དོན་གཅོད་ལས་རྒྱུན་རིང་དྲུང་ཆེའི་གནས་རིམ་དང་དེའི་ཐོབ་ཐང་ཡོད་ཅིང༌། སྒྲིག་གཞི་གཞིར་བཟུང་ལོ་བཞི་ཟིན་མཚམས་གནས་སྤོ་བྱ་རྒྱུ་དང། དགོས་གལ་དམིགས་བསལ་ཅན་བྱུང་རིགས་ལ་ལོ་གཉིས་ཕར་འགྱངས་ཆོག་རྒྱུ། དོན་གཅོད་འཁྱུར་རྗེས་སྤྱི་མཚུངས་གནས་སྤར་བྱུང་ན་ལས་དེ་མིན་སྔོན་མའི་གནས་རིམ་དང༌། རྒན་རིམ་གང་ཡིན་གྱི་གྲལ་མཚམས་རང་སོར་གནས་རྒྱུ།

༢    བདེ་སྲུང་ལས་ཁུངས་ཁྱབ་ཁོངས་དང་བཅས་པར་གསང་བའི་ལས་བྱེད་མི་འགྲོ་གསར་འདེམས་བྱེད་ཕྱོགས་ཀྱི་འཆར་གཞི་ཞིབ་གསལ་བཀའ་ཤག་ཏུ་འབུལ་རྒྱུ་དང༌། བཀའ་ཤག་ནས་ཞིབ་འཇུག་སྟངས་འཛིན་གནང་སྟེ་འོས་བབས་མཆིས་རིགས་ལས་བྱེད་འདེམས་ལྷན་དུ་འབུལ་རྒྱུ། ལས་བྱེད་འདེམས་ལྷན་ནས་བཀའ་ཤག་དང་གོ་བསྡུར་གྱིས་དམིགས་བསལ་ཁྱད་ལས་ཡོད་པའི་ཚོགས་ཆུང་ཟུར་འཛུགས་དང་འབྲེལ་བརྟག་དཔྱད་ཞིབ་འཇུག་གིས་འདེམས་སྒྲུག་ཇི་བྱུང་ལས་བྱེད་སྤྱི་མཚུངས་ལྟར་ངོས་བཞེས་བསྐོ་གཞག་བསྩལ་རྒྱུ། འོན་ཀྱང་གསལ་བསྒྲགས་གནང་མ་དགོས་པ་ཡིན།

༣   འགན་འཛིན་སྡེ་ཚན་གྱི་ལས་བྱེད་ཟུང་དྲུང་མན་དང༌། ལས་བྱའི་སྡེ་ཚན་གཉིས་ཀའི་གནས་རིམ་གང་འོས་ཐོག་བོད་དབྱིན་ཕུད་པའི་སྐད་ཡིག་ཚད་འཕེར་ཅན་གྱི་དགོས་ངེས་ལས་བྱེད་བསྐོ་གཞག་མི་བྱེད་ཐབས་མེད་བྱུང་སྐབས་བཀའ་ཤག་ནས་ཁུངས་འཕེར་རྒྱུ་མཚན་དང་སྦྲགས་ལས་བྱེད་ས་མིག་ཇི་དགོས་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་འཆར་འབུལ་གནང་རྒྱུ་དང༌། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཞིབ་འཇུག་གིས་དགོས་གལ་གཟིགས་ཚེ་འདེམས་བསྐོ་ཆོག་རྒྱུ། དེ་འདྲའི་རིགས་སྐབས་བབས་མཁོ་གནད་ལ་གཞིགས་ཏེ་མང་མཐར་ལོ་རེར་ལས་བྱེད་སྤྱི་ཡོངས་ས་མིག་བརྒྱ་ཆ་གཅིག་ལས་མ་མང་བ། གཞི་རྩའི་ཆ་རྐྱེན་དང༌། ལོ་ཚད། བསྐོ་ལམ་བཅས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འདེམས་རྒྱུགས་སྒྲིག་གཞི་རྩ་བཟུང་བྱ་རྒྱུའང༌། ཤེས་ཚད་ལག་འཁྱེར་ངེས་པར་མི་དགོས།

༤   སྐུ་ཚབ་དོན་གཅོད་ཁག་ཏུ་རྒྱ་རིགས་འབྲེལ་མཐུད་པ་དང་། ལྟ་གྲུབ་དགེ་རྒན་གྱི་ས་མིག་ཏུ་ལས་བྱེད་བསྐོ་གཞག་དགོས་གལ་བྱུང་ཚེ། ཟུང་དྲུང་མན་གྱི་གནས་རིམ་དུ་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོའི་འཆར་འབུལ་ལ་བཀའ་ཤག་གིས་རྒྱབ་གཉེར་བརྒྱུད་ལས་བྱེད་འདེམས་ལྷན་ལ་བཀའ་འཁྲོལ་ཞུས་ཏེ་མང་མཐར་ལས་ཡུན་ལོ་ལྔའི་རིང་དམིགས་བསལ་བསྐོ་གཞག་ཆོག་རྒྱུ། ལས་བྱེད་འདི་རིགས་བཀའ་ཤག་སྐབས་རེའི་ཡུན་ཚད་ནང་ས་མིག་རྩ་འབོར་གྱི་བརྒྱ་ཆ་ ༡་༥ ལས་བརྒལ་བ་བསྐོ་གཞག་མི་ཆོག

༥   ལས་ཁུངས་གང་ཞིག་ཏུ་ཁྱད་ལས་ཀྱི་ལས་རིགས་གཏན་འཇགས་སུ་དགོས་མཁོ་ཡོད་པའི་ལས་དོན་ངེས་ཅན་ཞིག་གི་སླད་ཁྱད་ལས་པ་བསྐོ་གཞག་དགོས་གལ་བྱུང་ཚེ། ལས་ཁུངས་སོ་སོས་ལས་དོན་གྱི་ངོ་བོ་དང་དགོས་མཁོ་ཇི་ཆགས། ཤེས་ཚད་དང་ཉམས་མྱོང་གི་ཆ་རྐྱེན་ཇི་དགོས་འཆར་འབུལ་བྱུང་བསྟུན། བཀའ་ཤག་ནས་ཞིབ་འཇུག་གིས་རྒྱབ་གཉེར་བྱས་ཚེ། ལས་བྱེད་འདེམས་ལྷན་ནས་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་སྒྲིག་གཞི་གཞིར་བཟུང་བསྐོ་གཞག་བྱ་རྒྱུ། ཁྱད་ལས་པ་འདི་རིགས་བཟློག་མེད་ཀྱི་རྒྱུ་མཚན་ཡོད་ན་མ་གཏོགས་བཀའ་ཤག་གིས་འབྲེལ་མེད་ལས་དོན་གཞན་ཐོག་གནས་སྤོས་སམ། འཛིན་སྐྱོང་གི་འགན་དབང་བསྐུར་མ་དགོས་པ་གཙོ་འདོན་བྱེད་དགོས།

 

དོན་ཚན་ཉི་ཤུ་པ།        ལས་བྱེད་པར་ཉེས་ཆད།

འགན་འཛིན་སྡེ་ཚན་དང༌། ལས་བྱའི་སྡེ་ཚན་གཉིས་ཀའི་ལས་བྱེད་སུ་ཞིག་ལ་ཉེས་སྐྱོན་ར་འཕྲོད་བྱུང་སྟེ་གནས་སྤར་བཀག་བསྐྱིལ་ལམ། གནས་རིམ་ཕབ་པ། བགྲེས་ཡོལ་སྔ་བསྣུར། རྩ་དགོངས་སྤྲོད་པ། གནས་དབྱུང་གཏོང་བ་བཅས་གང་རུང་གི་འཆར་གཞི་བཀའ་ཤག་གིས་ཕུལ་རིགས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་རྟོག་ཞིབ་ཀྱིས་འོས་འཚམས་ལ་ཉེས་ཆད་གཏོང་རྒྱུ་དང་། འོས་འཚམས་མིན་རིགས་འཆར་གཞི་ཕྱིར་སློག་དང༌། འདྲི་བརྩད་བྱ་དགོས་རིགས་མཐིལ་ཕྱིན་བྱེད་དགོས།

དོན་ཚན་ཉེར་གཅིག་པ།    བགྲེས་ཡོལ་དང་རྩ་དགོངས་ཞུ་འཁྲོལ།

༡    ལས་བྱེད་འདེམས་ལྷན་ནས་ལོ་ལྟར་ཕྱི་ཟླ་དང་པོ་དང་བདུན་པའི་བདུན་ཕྲག་དང་པོའི་ནང་ཟླ་དྲུག་ནང་ཚུན་ལས་བྱེད་བགྲེས་ཡོལ་ཐོན་རན་ཇི་ཡོད་དང༌། བགྲེས་ཡོལ་སྔ་བསྣུར་ཞུ་མཁན་ཇི་ཡོད་ཀྱི་མིང་གཞུང་བཀོད་དེ་སྔོན་ཚུད་ནས་བཀའ་ཤག་ཏུ་སྔོན་བརྡ་འབུལ་དགོས་པ་དང་དེ་འབྲེལ་འཛིན་སྐྱོང་གིས་བྱེད་སྒོ་རྣམས་ཚགས་ཚུད་དགོས་རྒྱུ།

༢    བགྲེས་ཡོལ་དུས་འགྱངས་ཞུ་དགོས་རིགས་སྡེ་ཚན་སོ་སོ་ནས་བཀའ་ཤག་བརྒྱུད་ཉུང་མཐའ་ཟླ་གཉིས་ཀྱི་དུས་ཚོད་སྔོན་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་འབུལ་འབྱོར་དགོས། འདེམས་ལྷན་ནས་རྟོག་ཞིབ་ཀྱིས་འོས་འཚམས་མཆིས་ཚེ་ཐད་ཀར་དུས་འགྱངས་སྤྲོད་རྒྱུ་དང༌། འོས་འཚམས་མིན་ཚེ་འཆར་གཞི་ཕྱིར་སློག་བྱ་རྒྱུ།

༣   བགྲེས་ཡོལ་སྔ་བསྣུར་དང་རྩ་དགོངས་ཞུ་དགོས་རིགས་ཀྱི་དགོངས་སྙན་ཡང་སྡེ་ཚན་གང་ཡིན་དེའི་འགན་འཛིན་དང་། བཀའ་ཤག་གི་འགྲེལ་བརྗོད་རྒྱབ་གཉེར་དང་སྦྲགས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་ཕུལ་འབྱོར་མཚམས་འདེམས་ལྷན་གྱིས་རྟོག་ཞིབ་ཀྱིས་བཀའ་འཁྲོལ་ལམ་བཀག་བསྐྱིལ་གང་འོས་བྱ་རྒྱུ།

 དོན་ཚན་ཉེར་གཉིས་པ།   ལས་བྱེད་རྣམས་ཀྱི་བདེ་སྡུག་ཞུ་གཏུགས།

༡    སྡེ་ཚན་གང་རུང་གི་ལས་བྱེད་སྒེར་ལ་རྒན་གཞོན་གྲལ་རིམ་མིང་གཞུང་འགོད་ཕྱོགས་དང༌། གསར་འདེམས། གནས་སྤར། ཕོགས་རིམ། གཞན་ཡང་ཞབས་ཞུའི་དོན་གནད་དང་འབྲེལ་བའི་གནས་ཚུལ་འགྲིག་མིན་ཇི་བྱུང་ཞུ་གཏུགས་བྱ་འདོད་ཡོད་རིགས་རང་གི་སྡེ་ཚན་གྱི་འགན་འཛིན་བརྒྱུད་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་ཞུ་གཏུགས་བྱ་འཐུས་དང༌། དོ་བདག་གི་ཞུ་གཏུགས་སྙན་ཞུའི་ངོ་བཤུས་འདེམས་ལྷན་དུ་ཐད་ཀར་འབུལ་ཆོག

༢ ཞུ་གཏུགས་སྙན་ཞུ་འདི་རིགས་སྡེ་ཚན་གང་ཡིན་དེའི་འགན་འཛིན་ནས་འགྲེལ་བརྗོད་དང་སྦྲགས་ཡིག་ཟམ་བརྒྱུད་འབུལ་དགོས་ཡིན་ན་ཡིག་ཟམ་གྱི་འགོར་ཡུན་ཕུད་པའི་ལས་ཉིན་བཅོ་ལྔའི་ནང་ཚུན་འདེམས་ལྷན་དུ་ཕུལ་ཟིན་པ་དགོས། ཉིན་གྲངས་བཅོ་ལྔ་ནང་ཕུལ་འབྱོར་མ་བྱུང་ཚེ་འདེམས་ལྷན་ནས་ངོ་བཤུས་ཐོག་ནས་རྟོག་ཞིབ་རྩད་གཅོད་བྱ་འཐུས།

༣ ཞུ་གཏུགས་སྙན་ཞུ་འདི་རིགས་ལ་འདེམས་ལྷན་ནས་འཕྲལ་དུ་རྟོག་ཞིབ་རྩད་གཅོད་ཀྱིས་སྙན་ཞུ་འབྱོར་ཚེས་ནས་མང་མཐའ་ཟླ་བ་གསུམ་ལས་མ་བརྒལ་བའི་དུས་ཡུན་ནང་ཐག་གཅོད་བྱེད་དགོས། ཟླ་བ་གསུམ་གྱི་ནང་ཐག་གཅོད་མ་བྱུང་ཚེ་ཐད་ཀར་འབྲེལ་ཡོད་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་ཆོག་པའི་ཐོབ་ཐང་དོ་བདག་ལ་ཡོད།

དོན་ཚན་ཉེར་གསུམ་པ།   སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་བཀའ་ཤག་གང་རུང་ནས་འཆར་གཞི་ཕུལ་བའམ། ཡང་ན་སྤྱི་འཐུས་སུ་རུང་ནས་འཆར་འབུལ་བྱུང་ཚེ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༣།༤།༡༠ ཉིན་ཕྱོགས་བསྒྲིགས་ཞུས།