Posts by སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་གསར་འགོད་པས།

Posts by སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་གསར་འགོད་པས།


༄༅། ། བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༣ ཉིན་ནས་འགོ་བཙུགས་ཏེ། སྡེ་ར་ལྡུན་ཁུལ་གྱི་བོད་མིའི་འདུ་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༧ ཉིན་གླིང་ཚང་བོད་མིའི་གཞིས་ཆགས་དང་། དགེ་འཕེལ་གླིང་གཞིས་ཆགས་བཅས་སུ་འཚམས་གཟིགས་ཕེབས་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་རྣམ་གཉིས་གླིང་ཚང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་མང་ཚོགས་ཐུག་འཕྲད་ཀྱིས་ཆུ་ཚོད་གཉིས་ཙམ་རིང་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཡོད་འདུག

སྐབས་དེར་གསུང་བཤད་གཙོ་བོ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ནང་བོད་ནང་གི་གནས་བབ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་གཏན་འབེབས་གནང་བའི་གྲོས་ཆོད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་སྐོར་བཅས་ཀྱི་ཐོག་གསུངས་འདུག

གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས། བོད་མི་མང་སྤྱི་འཐུས་རྣམ་གཉིས་གླིང་ཚང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་སྤུངས་ཀུན་ཁྱབ་ཆོས་གླིང་དགོན་པ་དང་། བརྩེ་ཆེན་བཤད་སྒྲུབ་བསམ་གཏན་ཕུན་ཚོགས་གླིང་བཙུན་དགོན། རྫ་སྨོན་རྒྱལ་གཡུང་དྲུང་གླིང་དགོན། དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭ། ངོར་ཨེ་ཝཾ་ཆོས་ལྡན་དགོན་པ་བཅས་ལ་གནས་གཟིགས་སུ་ཕེབས་ཡོད་འདུག

དེ་རྗེས། སྤྱི་འཐུས་རྣམ་གཉིས་དགེ་འཕེལ་གླིང་བོད་མིའི་གཞིས་ཆགས་ལ་འཚམས་གཟིགས་སུ་ཕེབས་ཏེ། མི་མང་རྣམས་དང་ལྷན་སོ་སོར་ཐུག་འཕྲད་ཀྱིས་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་རྟོག་དང་གསན་ཞིབ་གནང་ཡོད་འདུག་པ་བཅས།