ཚོགས་དྲུང་རིམ་བྱོན།

ཚོགས་དྲུང་རིམ་པའི་མཚན་གཞུང་།

ཨང་། མཚན། འགོ་འཛུགས། འཁྱུར་ཚེས
སྣར་སྐྱིད་ངག་དབང་དོན་གྲུབ། ༡༩༦༠།༩།༢ ༡༩༦༢
ཐུབ་བསྟན་ཟླ་བ།
ཟླ་བ་ཚང་ཡེ་ཤེས་འགྱུར་མེད། ༡༩༦༦།༠༨།༣༡ ༡༩༦༨།༠༨།༠༣
དགའ་གདོང་བསྟན་འཛིན་དབང་གྲགས།༼ བཀའ་དྲུང་དང་གཅིག་ལྕོག ༽ ༡༩༧༢།༠༨།༡༨ ༡༩༧༤།༠༥།༢༧
གྲོང་རེས་ཚང་བློ་བཟང་མཁས་གྲུབ། ༡༩༧༤།༠༥།༢༨ ༡༩༧༤།༠༦།༢༠
བཀྲས་ཁང་རྣམ་རྒྱལ་རྡོ་རྗེ། ༡༩༧༥།༡༡།༡༤ ༡༩༧༦།༡༢།༠༩
བྱང་བཀྲས་ཕུན་ཚོགས་དབང་འདུས། ༡༩༧༦།༡༢།༡༥ ༡༩༩༣།༠༨།༠༡
བདེ་ཤར་ཚེ་རིང་རྡོ་རྗེ། ༡༩༩༣།༡༡།༣༠ ༡༩༩༦།༠༣།༡༩
རང་འཁོར་ངག་དབང་ཚུལ་ཁྲིམས། ༡༩༩༦།༠༣།༢༠ ༢༠༠༨།༠༦།༣༠
༡༠ ཤར་ལྷོ་ཕུར་བུ་ཚེ་རིང། ༢༠༠༨།༠༥།༡༩ ༢༠༡༠།༠༧།༢༩
༡༡ སྟོབས་རྒྱལ། ༢༠༡༠།༠༨།༢༠ ༢༠༡༧།༠༢།༢༨
༡༢ ལྷ་ཁང་ཚེ་རིང་སྟོབས་རྒྱལ། ༢༠༡༧།༠༣།༠༦ ༢༠༢༠།༠༣།༠༦
༡༣ ཚེ་དབང་དངོས་གྲུབ། ༢༠༢༠།༠༣།༠༥ ༢༠༢༢།༠༡།༢༣
༡༤ བསོད་ནམས་རྡོ་རྗེ། ༢༠༢༢།༠༢།༢༨

 

༄༅།།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་རིམ་པའི་ལོ་རྒྱུས་མདོར་བསྡུས།

ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས།

ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༦༧ ཟླ་ ༩ ཚེས་ ༡༡ ཉིན་ལྷ་ས་ཉག་རེ་ཁང་སེར་དུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༥ ཉིན་དྲུང་ལས་གནས་རིམ་ཐོག་ཆོས་རིག་ལས་ཁུངས་སུ་ཚོད་ལྟའི་ལས་བྱེད་དུ་བསྐོ་གཞག་དང་། ཟླ་ ༨ ཚེས་ ༢ ཉིན་གནས་རིམ་རང་འཇགས་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོད་ལྟའི་ལས་བྱེད་དུ་གནས་སྤོས་བསྐོ་གཞག ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༥ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ལས་གནས་རིམ་ཐོག་ལས་བྱེད་ངོ་མར་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར་དང་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༡༠ ཚེས་ ༢༦ ནས་ལོ་གཉིས་རིང་ཕོགས་མེད་སློབ་སྦྱོང་དུ་བསྐྱོད་པ་དང་། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༡༦ ཉིན་ནས་མུ་མཐུད་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་གཞོན། ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༡ ནས་ཐེ་ཝན་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དང་། ཟུང་དྲུང་། དྲུང་འཕར་བཅས་ཀྱི་གནས་རིམ་ཐོག་རིམ་པས་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ཉིན་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་དུ་བསྐོ་གཞག་དང་། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༩ ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་བ་དང་། ཕྱི་ཚེས་ ༢༨ ཉིན་ནས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་ཐུགས་འགན་དངོས་སུ་བཞེས་བཞིན་ཡོད་པ་བཅས། །

 

ཚོགས་དྲུང་ཟུར་པ་ཚེ་དབང་དངོས་གྲུབ་ལགས།

ཕྱི་ལོ་ ༢༠༢༠།༠༣།༠༥ ནས་  ༢༠༢༢།༠༡།༢༤ བར།

ཚོགས་དྲུང་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ནི། ཕྱི་ལོ་ ༡༩༦༨ ཟླ་ ༨ ཚེས་ ༡༤ ཉིན་རྡོར་གླིང་དུ་སྐྱེས་ཤིང་། ཀ་སྦུག་གཞི་རིམ་སློབ་གྲྭ་ཐོན་རྗེས་ཤེས་བྱ་དུས་དེབ་བརྒྱུད་ལས་བྱེད་བདག་གཉེར་ཁང་ (ད་ལྟ་ལས་བྱེད་འདེམས་བསྐོ་ལྷན་ཁང་) ནས་རྩིས་པའི་ས་མིག་ཐོག་ལས་བྱེད་གསར་འདེམས་གསལ་བསྒྲགས་གནང་དོན་ལྟར་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༨ ཟླ་ ༧ ནས་ ༡༢ བར་ཟླ་དྲུག་རིང་རྩིས་ཀྱི་ཟབ་སྦྱོང་གོ་སྐབས་ཐོབ། ཟབ་སྦྱོང་རྗེས་སླར་ཡང་འདེམས་རྒྱུགས་ཀྱིས་འདེམས་ཐོན་བྱུང་བ་བཞིན་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༨ ནས་གནས་དགུ་པ་གཞོན་དྲུང་གནས་རིམ་ཐོག་ཨོ་རི་ས་ཕུན་ཚོགས་གླིང་བཟོ་གྲྭའི་རྩིས་པར་བསྐོ་གཞག་གནང་།

དེ་ནས་བཟུང་ད་བར་ཞབས་ལོ་སུམ་ཅུ་ཙམ་རིང་སྦན་ད་ར་མཉམ་འབྲེལ་གྱི་རྩིས་པ་དང་། རྡ་ས་བདེ་དོན་ལས་ཁུངས་(ད་ལྟ་རྡ་ས་ས་གནས་འགོ་འཛིན་ལས་ཁུངས།) ཀྱི་ལས་དྲུང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ལས། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་པ། ཤེས་རིག་ལས་ཁུངས་ཀྱི་རྩིས་ཁང་འགན་འཛིན། སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན། ལྡི་ལི་བོད་སློབ་འཛིན་ཚོགས་འཛིན་སྐྱོང་རྩིས་ལེན་གྱི་ལས་གཞིའི་ཟུང་དྲུང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་བཅས་དང་། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་ཡོད།

 

ཚོགས་དྲུང་ཟུར་པ་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས།

ཕྱི་ལོ་ ༢༠༡༧།༠༣།༠༦ ནས་  ༢༠༢༠།༠༣།༠༦ བར།

༡༽        ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ལྗོངས་སུ་དུས་འགྱུར་བྱུང་སྐབས་ཕ་མ་སྤུན་མཆེད་མཉམ་དུ་འབྲུག་དང་བལ་ཡུལ་བརྒྱུད་རིམ་པས་རྒྱ་གར་འབུམ་སྡེ་ལ་རུ་འབྱོར། ཕྱི་ལོ་ ༡༩༦༢ ལོ་མཇུག་རྒྱ་གར་པན་ཇབ་སྤ་ཀྲན་ཀོ་ཌ་ནས་རང་གཞུང་གིས་ལམ་བཟོའི་ཕྲུ་གུ་རྣམས་སློབ་བཞེས་གནང་སྟེ་རྡ་ས་ཟུར་གསོག་དང་། ཀང་ར། དེ་ནས་ཕྱི་ལོ་ ༡༩༦༣ ལོར་ཌལ་ཧོར་བོད་གཞུང་གཏན་ཉིན་སློབ་གྲྭ་བཅས་སུ་གཏོང་གནང་གིས་ཕྱི་ལོ་ ༡༩༦༣་་༧༠ འཛིན་རིམ་བརྒྱད་པ་བར་སློབ་སྦྱོང་བྱས། དེ་རྗེས་ཝ་ར་ཎ་སི་མཐོ་སློབ་ཏུ་བསྐྱོད། འོན་ཀྱང་ཕ་མ་ལོ་རྒས་ནད་གཅོང་ཡིན་པས་མོན་གྷོ་རྒས་གསོ་ཁང་དུ་གཏོང་གནང་བར་བརྟེན། ཕྱི་ལོ་ ༡༩༧༤ ལོར་ཝར་ཎ་མཐོ་སློབ་ནས་མོན་གྷོར་གནས་སྤོས་ཀྱིས་ཕ་མའི་ནད་གཡོག་གི་ཞབས་ཞུ་སྒྲུབ་ཞོར། མོན་གྷོ་གཞིས་ཆགས་ཉིན་སློབ་ཏུ་མུ་མཐུད་སློབ་བསྐྱོད་ཀྱིས་འཛིན་གྲྭ་ ༩ པ་ནས་ ༡༠ བར་སློབ་སྦྱོང་བྱས། དེ་ནས་ཕྱི་ལོ་ ༡༩༧༦ ལོར་འཛིན་རིམ་ ༡༡ ཌལ་ཧོར་གཏན་སློབ་ཏུ་གཏོང་གནང་། ཕྱི་ལོ་ ༡༩༧༧ ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅིུག་གི་ཡིག་རྒྱུགས་གྲུབ་འབྲས་ལེགས་སོན་བྱུང་རྗེས་ཐད་ཀར་རྡ་སར་རང་གཞུང་ནས་སྲི་ཞུའི་ལས་བྱེད་ཡིག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་ལམ་གསར་གཏོད་གནང་ཙམ་ཡིན་པས་ལོ་དེའི་ཕྱི་ཟླ་ ༨ ནང་ཕ་མའི་ཐུགས་རེའམ་རྒྱབ་གཉེར་མཐུན་སྦྱོར་ལྟར་ལས་བྱེད་ཡིག་རྒྱུགས་ཁོངས་སུ་འཚང་ཞུགས་ཀྱིས་ཡིག་རྒྱུགས་ལེགས་པར་འཕྲོད།

༢༽        ༡༩༧༧།༡༠།༡༥ ནས་གནས་དགུ་པ་ཚོད་བལྟའི་ཐོག་མོན་གྷོ་འདོད་རྒུ་གླིང་གཞིས་ལས་ཁང་གི་དབྱིན་དྲུང་གི་ལས་འགན་བསྐོ་གཞག

༣༽       ༡༩༨༠།༥།༡ ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ལས་ཁང་གི་དབྱིན་དྲུང་དུ་གནས་སྤོ་བསྐོ་གཞག

༤༽       ༡༩༨༣།༣།༢༠ མན་སྤར་ཕན་བདེ་གླིང་གཞིས་ལས་ཁང་གི་ལས་དྲུང་ལ་གནས་སྤོ་བསྐོ་གཞག

༥༽        ༡༩༨༦།༣།༡༥ ནས་ལས་བྱེད་བླང་དོར་གྱི་སྒྲིག་གསལ་ལོ་གཉིས་ཕོགས་མེད་དགོངས་ཞུས།

༦༽        ༡༩༨༨།༥།༥ སྦན་ད་ར་ནོར་རྒྱས་གླིང་གཞིས་ལས་ཁང་གི་ལས་དྲུང་དུ་བསྐོ་གཞག

༧༽       ༡༩༩༠།༧།༢ ལ་དྭགས་བྱང་ཐང་གཞིས་ལས་ཁང་གི་ལས་དྲུང་དུ་གནས་སྤོ་བསྐོ་གཞག

༨༽        ༡༩༩༡།༢།༡ སླར་མན་སྤར་གཞིས་ཆགས་མཉམ་སྦྲེལ་གྱི་དངུལ་གཉེར་དུ་གནས་སྤོ་བསྐོ་གཞག

༩༽        ༡༩༩༡།༨།༡༥ མཉམ་སྦྲེལ་དངུལ་གཉེར་གྱི་ལས་འགན་ཐོག་རུམ་འཐག་བཟོ་འགོ་གཅིག་ལྕོགས་ཀྱི་ལས་འགན་བཀོད་སྒྲིག

༡༠༽      ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༤ ནས་ཕྱི་ཟླ་ ༤ ཚེས་ ༣ བར་ཉིན་ཉི་ཤུའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་གོ་སྒྲིག་གནང་བའི་བོད་ཀྱི་རིག་གཞུང་དང་། ལོ་རྒྱུས། མང་གཙོའི་ལྟ་བ།ཆབ་སྲིད་ལམ་ལུགས་བཅས་ཀྱི་མང་ཚོགས་ཆབ་སྲིད་སྦྱོང་བརྡར་ནང་ཞུགས།

༡༡༽      ༡༩༩༢།༤།༢༠ མན་སྤར་མཉམ་སྦྲེལ་དྲུང་ཆེ་དང་བཟོ་འགོ་གཅིག་ལྕོགས་ཀྱི་ལས་འགན་བསྐོ་གཞག

༡༢༽      ༡༩༩༤།༡།༣ ར་ཝང་ལ་ཀུན་ཕན་གླིང་མཉམ་འབྲེལ་དྲུང་ཆེའི་ལས་འགན་བཀོད་སྒྲིག

༡༣༽     ༡༩༩༤།༡༢།༢༧ མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་དུ་གནས་སྤོ་བསྐོ་གཞག

༡༤༽     ༡༩༩༦།༨།༡༠ སླར་སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་དུ་གནས་སྤོ་བསྐོ་གཞག

༡༥༽      ༡༩༩༨།༡།༡༢ ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་གནང་བའི་འོག ཁྲིམས་ཞིབ་པའི་སྦྱོང་བརྡར་གནང་ཐེངས་དང་པོ་ཕྱི་ལོ་ ༡༩༩༨།༡།༡༢ ནས་ཉིན་གྲངས་བཅུའི་རིང་སྡེ་ར་ལྡུན་བདེ་སྐྱིད་གླིང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས། དཔང་རྟགས་ཁྲིམས་ཡིག་བཅས་ཀྱི་སྦྱོང་བརྡར་ནང་ཞུགས།

༡༦༽      ༡༩༩༨།༡།༡༦ སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་གྱི་ལས་འགན་ཐོག་སྦན་ད་ར་ནོར་རྒྱས་གླིང་བཙན་བྱོལ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འགན་དབང་གཅིག་ལྕོགས་སུ་ལས་འགན་བསྐུར་བ་ལྟར་ས་གནས་འགོ་འཛིན་གྱི་ལས་གནས་ནས་འཕོ་འགྱུར་མ་བྱུང་བར་ལས་འཁུར་ཞུས།

༡༧༽      ༡༩༩༨།༣།༡༦ ནས་ ༢༧ བར་ཉིན་བཅུ་གཉིས་རིང་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་ལྡི་ལི་རྒྱ་གར་གཞུང་གི་སྲི་ཞུའི་ལས་བྱེད་སྦྱོང་བརྡར་ཁང་དུ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པར་འཛིན་སྐྱོང་ལས་དོན་ཞུ་ཕྱོགས་ཀྱི་ཟབ་སྦྱོང་ནང་ཞུགས།

༡༨༽      ༡༩༩༩།༨།༢༥ ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་ཀྱི་ལས་འགན་གནས་སྤོ་བསྐོ་གཞག

༡༩༽      ༢༠༡༢།༥།༡ བཀའ་དྲུང་ཡིག་ཚང་གི་ཟུང་དྲུང་དུ་གནས་སྤོ་དང་། ལས་བྱེད་གནས་སྤོ་བཀོད་སྒྲིག་ཚན་པའི་ལས་འགན་ཞུས།

༢༠༽      ༢༠༡༣།༨།༣ དྲུང་འཕར་གནས་རིམ་དུ་གནས་སྤར་དང་། བཀའ་དྲུང་ཡིག་ཚང་གི་དྲུང་འཕར་དུ་བཀོད་སྒྲིག

༢༡༽      ༢༠༡༥།༢།༢༣ དབུས་འོས་བསྡུ་ལས་ཁང་གི་དྲུང་འཕར་དུ་གནས་སྤོ་བསྐོ་གཞག་དང་ལས་འགན་བཀོད་སྒྲིག

༢༢༽      ༢༠༡༦།༢།༡ དབུས་འོས་བསྡུའི་དྲུང་འཕར་གྱི་ལས་འགན་ཞུ་མུས་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ལས་ཚབ་གཅིག་ལྕོགས་ཀྱི་ལས་འགན་བསྐོ་གཞག

༢༣༽     ༢༠༡༦།༧།༢༧ བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོ་བསྐོ་གཞག

༢༤༽     ༢༠༡༧།༣།༦ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཚབ་ཀྱི་ལས་འགན་བཀོད་སྒྲིག་ལྟར་ལས་འགན་ཞུ་མུས།

༢༥༽      མདོ་དོན་ད་བར་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་ཁྱོན་མི་ལོ་ ༤༠ ལྷག་རིང་ཁོང་རང་གི་གཞོན་ནུའི་ལང་ཚོ་ནུས་སྟོབས་བཟང་ཤོས་གནས་སྐབས་སུ་བོད་མིའི་གནས་སྟངས་དཀའ་དང་གཉན་འཕྲང་གི་དུས་སྐབས་སུ་གཞུང་མང་གི་ཞབས་འདེགས་སུ་གཞོན་དྲུང་གནས་རིམ་ནས་ཐེག་པ་རིམ་འཛེགས་ཀྱིས་དབུས་ས་གཉིས་སུ་རང་གི་ཤེས་འཇོན་མྱོང་བ་ལ་གཞིགས་པས་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས།འདས་པའི་ཞབས་ལོ་༤༠ནང་ནས་ལོ་ངོ་ ༢༢ ལྷག་ཕྱོགས་མཐའི་དཀའ་ཚེགས་ཅན་གྱི་ས་གནས་ལ་དྭགས་བྱང་ཐང་དང་། མེའོ་ཆོས་འཕེལ་གླིང་། ར་ཝང་ལ་ཀུན་ཕན་གླིང་། དེ་བཞིན་མན་སྤར་ཕན་བདེ་གླིང་དང་། སྦན་ད་ར་ནོར་རྒྱས་གླིང་ལ་ཐེངས་གཉིས་རེ།ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། ཀོ་ལི་གྷལ་དོན་གླིང་བཅས་ཁྱོན་ས་ཁག་བདུན་ནང་མཛུབ་མོ་གར་བསྟན་གྱི་དཔེ་ལྟར་ཤར་བསྐྱོད་ཀྱིས་ལས་གནས་འདྲ་མིན་ཐོག་ལས་ཞབས་ཞུས། མདོར་ན་དབུས་སའི་ལས་ཁུངས་གང་སར་ཁྱོན་མི་ལོ་ ༤༠ ལྷག་གཙོ་བོ་༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་དང་། རང་གཞུང་གི་མཛད་བྱུས་ལྟར་གཞུང་མང་གི་ལས་དོན་ཆེ་ཕྲ་མཐའ་དག་རང་ནུས་གང་ལྕོགས་ངོ་ལྐོག་གཡོ་ཟོལ་མེད་པར་རྒྱུ་འབྲས་དཔང་འཕེར་ཐོག་ལྷག་བརྩོན་ཆེ་བསྐྱེད་ནུས་པ་ཐོན་པ་ཞུས། ད་དུང་ཡང་སྒྲིག་འཛུགས་ལ་དགོས་མཁོ་མཆིས་ཀྱི་རིང་དང་། གཟུགས་བབ་འཕྲོད་བསྟེན་གྱི་དཀའ་ངལ་མ་འཕྲད་ཀྱི་བར་སྔར་བཞིན་རང་ནུས་གང་འཇོན་མུ་མཐུད་ཞབས་འདེགས་ཞུ་སེམས་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ། །

 

ཚོགས་དྲུང་ཟུར་པ་དིང་རི་སྟོབས་རྒྱལ་ལགས།
ཕྱི་ལོ་ ༢༠༡༠།༠༨།༢༠ ནས་  ༢༠༡༧།༠༢།༢༨ བར།
༄༅། ། དིང་རི་སྟོབས་རྒྱལ་ལགས་ནི་ཕྱི་ལོ་ ༡༩༥༡ ལོར་སྟོད་དིང་རི་གླ་བསྐོར་དུ་འཁྲུངས། ཐོག་མར་བལ་ཡུལ་ཤར་ཁུམ་བརྒྱུད་བཙན་བྱོལ་དུ་ཡོང་སྐབས་རང་ལོ་ ༧ ཡིན་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བོད་མིའི་མདུན་ལམ་ལ་དགོངས་བཞེས་བླ་མེད་ཀྱི་མཛད་འཕྲིན་འོག་ཐོག་མར་ཤར་ཁུམ་བོད་མིའི་སློབ་གྲྭར་ལོ་ཤས་བསྐྱོད། དེ་རྗེས་རྒྱ་གར་གྱི་གྲོང་ཁྱེར་ཛ་ཡེ་ན་སྒར་བརྒྱུད་རྒྱ་གར་ནང་ཡོང་སྟེ་རྡ་རམ་ས་ལར་འབྱོར་སྐབས་རང་གཞུང་གིས་སློབ་བཞེས་གནང་བ་ལྟར། ཐོག་མར་ཤེས་རིག་རྙིང་པ་ཞེས་ད་ལྟའི་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཉེ་འཁྲིས་སུ་ཕྱོགས་གང་ས་ནས་བོད་ཕྲུག་རིམ་འབྱོར་རྣམས་འཕྲལ་སེལ་གསོག་ཡུལ་དེར་འཇོག་ཉར་གནང་ཞིང་། དེ་ནས་ཉིན་ཤས་རྗེས་རྐང་ར་༼གངས་ར༽ཟུར་གསོག་སློབ་གྲྭར་གཏོང་གནང་བྱུང་། ཕྱི་ལོ་ ༡༩༦༤ ལོའི་ཕྱི་ཟླ་ ༡༡ ནང་ཀ་སྦུག་བོད་གཞུང་སློབ་གྲྭར་སློབ་ཕྲུག་ཇི་མང་དང་མཉམ་དུ་གཏོང་གནང་བྱུང་། ཀ་སྦུག་ཏུ་ལོ་ ༥ ཙམ་སྡོད་རིང་འཛིན་གྲྭ་བདུན་པ་ཐོན། སློབ་གྲྭའི་དུས་རིང་བཅུ་དཔོན་དང་། ཁང་ཚན་རྒན་བདག སློབ་གྲྭ་འཇོག་ཁར་སྐབས་དེར་སློབ་གྲྭའི་འཛིན་རིམ་མཐོ་ཤོས་ ༧ པ་ཡིན་པ་དེའི་རྒན་བདག་ཏུ་འོས་འདེམས་བྱུང་། སློབ་གྲྭའི་རྐང་སྤོལ་རུ་ཁག་གི་ཁོངས་མི་ཡང་བྱས། སློབ་གྲྭའི་ནང་ཆོས་དགེ་རིན་པོ་ཆེ་སོགས་བོད་དགེ་རྣམ་པས་སློབ་ཕྲུག་ཚང་མར་ཆོས་ཕྱོགས་ཀྱི་སློབ་གསོ་གཏིང་ཟབ་སྩལ་གྱི་ཡོད་པ་དང་། ལྷག་པར་ཉིན་རེའི་སྤྱོད་ལམ་ནང་དམ་པའི་ཆོས་ཀྱི་ཉམས་ལེན་ཡོད་དགོས་པའི་བསླབ་བྱ་བཟང་པོ་རྒྱུན་དུ་གནང་བའི་བཀའ་དྲིན་ལས་སློབ་ཕྲུག་ཕལ་མོ་ཆེ་བའང་ཞི་དུལ་བག་ཡོད་ལྡན་པ་ཞིག་བྱུང་ཡོད། དེ་ལྟའི་གནས་སྐབས་སུ་སློབ་གྲྭ་དེའི་སློབ་ཕྲུག་བརྒྱ་སྐོར་ཞིག་དམ་པའི་ཆོས་ལ་རབ་ཏུ་འབྱུང་རྒྱུའི་གོ་སྐབས་བཟང་པོ་འཐོབ་པའི་གྲོས་སུ་ཁོང་ཡང་ཡོད་སྟབས། ཕྱི་ལོ་ ༡༩༦༩ ལོའི་ལོ་མཇུག་ཏུ་སློབ་གྲྭའི་རྒྱ་གར་བ་དགེ་ཆེ་སོགས་ཀྱི་ཐུགས་རེ་ཆེན་པོའི་སློབ་སྟོན་ལ་བལྟོས་མེད་ཀྱིས་སློབ་གྲྭ་སྐྱུར་འཇོག་བྱས་ཏེ་རྣམ་རྒྱལ་གྲྭ་ཚང་དུ་སྒྲིག་ཞུགས་ཐུབ་པ་བྱས། དེར་གཙོ་བོ་ཕྱག་དཔེ་ངག་འཛིན་བྱ་རྒྱུ་དང་། གསུང་ཆོས་ཡང་ཡང་འཐོབ་པ། ལྷག་པར་རིགས་ལམ་དང་། རིམ་བཞིན་གྲུབ་མཐའི་རྣམ་གཞག་སོགས་ཐོས་བསམ་སློབ་གཉེར་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་གང་ན་རྙེད་དཀའ་བ་ཞིག་བརྙེད་དེ་ཡོད་མོད་ལོ་གཉིས་པ་ནས་ལོ་བསྟུན་ནད་མནར་དབང་གིས་སྒྲིག་ཁོངས་ནས་དགོངས་པ་ཞུས། ཕྱི་ལོ་ ༡༩༧༦ ལོར་རང་གཞུང་སྲི་ཞུའི་གཞུང་ཞབས་ཁོངས་ཞབས་ཞུའི་གོ་སྐབས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༡༩༧༦ ཟླ་ ༡༠ ཚེས་ ༡ ནས་བོད་གནས་ཉམས་ཞིབ་ཁང་གི་ཚོད་ལྟའི་གཞོན་དྲུང་དུ་བསྐོ་གཞག་བྱུང་། ཕྱི་ལོ་ ༡༩༧༧ ཟླ་ ༡༢ ཚེས་ ༡༠ ཉིན་ལས་གནས་རང་འཇགས་ཐོག་གཞོན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༨༢ ཟླ་ ༢ ཚེས་ ༡༠ ནས་གཞོན་དྲུང་གི་གནས་རིམ་རང་འཇགས་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་སུ་ཞུ་མོས་གནང་འདུག་པ་ལྟར་གནས་སྤོས་གནང་། ཕྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༡ ནས་ལས་གནས་རང་འཇགས་ཐོག་གནས་ ༨ པར་གནས་སྤར། ཕྱི་ལོ་ ༡༩༩༠ ཟླ་ ༡ ཚེས་ ༡ ནས་གནས་རིམ་རང་འཇགས་ཐོག་བྷན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་གཞིས་འགོར་བསྐོ་གཞག་བྱུང་། ཕྱི་ལོ་ ༡༩༩༠ ཟླ་ ༨ ཚེས་ ༥ ཉིན་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ནས་ཞུ་མོས་གནང་བ་ལྟར་གནས་རིམ་རང་འཇགས་ཐོག་ཚོགས་ཆུང་གི་ལས་བྱེད་དུ་གནས་སྤོ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ཉིན་ལས་གནས་རང་འཇགས་ཐོག་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༡ ཉིན་ལས་གནས་རང་འཇགས་ཐོག་དྲུང་གཞོན་གནས་རིམ་དུ་གནས་སྤར། ༡༩༩༤ ཟླ་ ༡༠ ཚེས་ ༡༧ ཉིན་གནས་རིམ་རང་འཇགས་ཐོག་བཀའ་དྲུང་ཡིག་ཚང་དུ་གནས་སྤོས།
ཕྱི་ལོ་ ༡༩༩༦ ཟླ་ ༡༡ ཚེས་ ༤ ནས་ ༡༩༩༧ ཟླ་ ༡ ཚེས་ ༩ བར་ཕོགས་མེད་དགོངས་ཞུ་དང་། དེ་རྗེས་བཀའ་དྲུང་ཡིག་ཚང་དུ་མུ་མཐུད་ལས་བཅར། ཕྱི་ལོ་ ༡༩༩༩ ལོར་ལས་གནས་རང་འཇགས་ཐོག་ཟུང་དྲུང་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༡༩༩༩ ཟླ་ ༡ ཚེས་ ༡༧ ནས་ཟླ་ ༢ ཚེས་ ༡༣ བར་ཟླ་གཅིག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༡ ཟླ་ ༡ ཚེས་ ༡༩ ནས་ཉིན་གྲངས་ ༡༥ རིང་ཕོགས་མེད་དགོངས་ཞུ། ཡང་ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༢༧ ནས་ ༢༠༠༥ ཟླ་ ༢ ཚེས་ ༢༦ བར་ཟླ་གྲངས་བཞིའི་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། (“གོང་གསལ་ཟླ་བ་དྲུག་དང་ཕྱེད་ཙམ་རིང་ཕོགས་མེད་དགོངས་ཞུ་ཞེས་གསལ་བ་ནི་གཟུགས་ཁམས་བདེ་མིན་གྱིས་དགོངས་ཞུ་བྱ་དགོས་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་དེ་སྔོན་བླང་དོར་སྒྲིག་གཞིའི་ནང་ནད་དགོངས་སྩལ་རྒྱུའི་ཆ་རྐྱེན་ཡོད་ཀྱང་སྐབས་དེར་སྒྲིག་གཞིའི་ནང་ནད་དགོངས་ཀྱི་ཆ་རྐྱེན་མེད་པར་བཟོས་པའི་སྐབས་འཁེལ་གྱིས་ཕོགས་མེད་དགོངས་ཞུ་བྱ་དགོས་བྱུང་ཞིང་། དེ་རྗེས་སླར་ཡང་བླང་དོར་སྒྲིག་གཞིའི་ནང་ནད་དགོངས་ཀྱི་ཆ་རྐྱེན་གུ་ཡང་ཙམ་གཏན་འབེབས་གནང་ཡོད་པ་བཅས་ནི་རང་ཉིད་ནད་དགོངས་ཞུ་དགོས་བྱུང་སྐབས་སྒྲིག་གཞིའི་ཆ་རྐྱེན་དེ་དག་བསྡུ་གསོག་བསྐྱོན་པའི་ཁ་ཐུག་འཁེལ་འདུག་པ་རང་ཉིད་ལ་ཆེད་དམིགས་གནང་མཁན་མེད་ནའང་རང་གི་ཐོག་ཆེད་དུ་གནང་བ་ལྟ་བུའི་ཚོར་སྣང་ཤར་བ་བྱུང་མྱོང་།”)
སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་བཀའ་ཤག་ཏུ་ཞུ་མོས་སྔ་རྗེས་གནང་དོན་ལྟར། ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༡ ནས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཟུང་དྲུང་གི་གནས་རིམ་རང་འཇགས་ཐོག་གནས་སྤོས་ཀྱིས་ལས་ཀའི་ངོ་བོ་ཚོགས་དྲུང་ལས་རོགས་ཀྱི་ལས་འགན་ཡིན། ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༢ ཉིན་ལས་འགན་རང་འཇགས་དྲུང་ཆེ་ལས་འཕར་གྱི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༠ ནས་དྲུང་ཆེའི་གནས་རིམ་ཐོག་གནས་སྤར་གྱིས་ཚོགས་དྲུང་གི་ལས་འགན་བསྐོ་གཞག་ལྟར་ལས་འགན་བླངས་ཡོད།
ཚོགས་ཆུང་ཁག་ཏུ་ཕྱག་ལས་གནང་སྐོར།
བོད་མི་མང་སྤྱི་འཐུས་སྐབས་དགུ་པ་འོས་འདེམས་ཀྱི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་སྤྱི་བསྩལ་ལྟར་ལས་དོན་ཐོག་རང་ནུས་གང་ཡོད་འདོན་སྤེལ་གནང་ཡོད། བོད་མི་མང་སྤྱི་འཐུས་སྐབས་ ༡༡ པའི་གྲོས་ཚོགས་ཀྱིས་གཞུང་ཞབས་པའི་ལས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་གཏན་འབེབས་མཛད་པའི་དགོངས་དོན་ལྟར། དབུས་གཞུང་ཞབས་པའི་ལས་ཤག་བགོ་འགྲེམས་ཚོགས་ཆུང་གི་ཚོགས་མིར་འོས་འདེམས་བརྒྱུད་བསྐོ་བཞག་བྱུང་བ་དང་། དེ་མིན་གཞུང་འབྲེལ་ལས་དོན་ཚོགས་ཆུང་ཇེ་མང་ནང་བསྐོ་གཞག་རིམ་གནང་ལྟར་འགན་འཁུར་གནང་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་ཕྱག་ལས་གནང་སྐོར།
བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཐོག་མར་དབུ་བརྙེས་པའི་སྐབས་ཀྱི་ཚོགས་མི་ཡིན་ཞིང་། ཕྱི་ལོ་ ༡༩༧༦ ལོ་མཇུག་ནས་བཟུང་གངས་སྐྱིད་གཞོན་ནུའི་རུ་ཁག་ནས་ཟུར་འཛུགས་བྱས་པའི་རྩེད་རིགས་ཚོགས་ཆུང་གི་ཚོགས་མི་དང་། དེ་རྗེས་གངས་སྐྱིད་རུ་དཔོན་ཕྱི་ལོ་ ༡༩༨༩ ལོར་རྡ་ས་ས་གནས་རྒྱུན་ལས་ཁོངས་འདེམས་ཐོན་བྱུང་བ་བཞིན་ས་རྒྱུན་གྱི་ཟུང་སྦྲེལ་དྲུང་ཆེ་དང་། རྡ་སའི་ཕོ་ཉ་རྩོམ་སྒྲིག་པའི་ལས་འགན་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༩༠ ཐམ་པ་ལོར་རྡ་ས་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་དྲུང་ཆེའི་ལས་འགན་འཁུར་གནང་ཞིང་། ཕྱི་ལོ་ ༡༩༩༡ ཕྱི་ཟླ་ ༥ པ་ནས་ ༡༩༩༣ ཕྱི་ཟླ་ ༨ པའི་ཟླ་དཀྱིལ་བར་བཞུགས་སྒར་བོད་ཀྱི་གཞོན་ནུའི་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་འགན་གནང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༥ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་སུ་བདམས་ཐོན་བྱུང་བ་ལྟར་ལས་རྒྱུན་རིང་གཞོན་ལྷན་གྱི་རིག་གཞུང་འགན་འཛིན་གྱི་ལས་གནས་དང་། གཞོན་ནུའི་ཟླ་གཉིས་རེའི་བོད་ཡིག་རང་བཙན་དུས་དེབ་ཀྱི་ཟུང་སྦྲེལ་རྩོམ་སྒྲིག་པའི་འགན་འཁུར་གནང་བ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

 

ཚོགས་དྲུང་ཟུར་པ་ཤར་ལྷོ་ཕུར་བུ་ཚེ་རིང་ལགས།
ཕྱི་ལོ་ ༢༠༠༨།༠༥།༡༠ ནས་ ༢༠༡༠།༠༧།༢༩ བར་ཚོགས་དྲུང་།
ཤར་ལྷོ་ཕུར་བུ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༥༢ ལོར་གཙང་སྟོད་གཅེན་ལུང་དུ་འཁྲུངས་པ་དང༌། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བཙན་བཟུང་བྱས་རྐྱེན་རྒྱ་གར་དུ་སྐྱབས་བཅོལ་དུ་ཡོང་ནས་ཐོག་མར་རྡོར་གླིང་བོད་གཞུང་གཏན་སློབ་ཐོན་རྗེས་ལྡི་ལིར་ལོ་གཅིག་རིང་ལས་བྱེད་ཀྱི་སློབ་སྦྱོང་གནང༌། ཕྱི་ལོ་ ༡༩༧༣ ལོར་གཞུང་ཞབས་ནང་འཛུལ་ཞུགས་གནང་སྟེ་ཐོག་མར་བལ་ཡུལ་ཤར་ཁུམ་གྱི་རྩིས་དྲུང་དང༌། ཕྱི་ལོ་ ༡༩༧༨ ལོར་ལུགས་བསམ་མཉམ་སྦྲེལ་གྱི་གཞོན་དྲུང༌། ཕྱི་ལོ་ ༡༩༨༡ ལོར་ལྡི་ལི་བོད་གནས་བསྐྱར་ཞིབ་ཁང་དུ་ཕྱག་ལས་གནང་བ་དང༌། ཕྱི་ལོ་ ༡༩༨༥ ལོར་རྟེན་བཞེངས་བཟོ་འགོའི་ལས་ཚབ་དང་བདེ་སྲུང་རྩིས་པ། ཕྱི་ལོ་ ༡༩༨༧ ལོར་གནས་བརྒྱད་པར་གནས་སྤར་གྱིས་མོན་གྷོ་རུམ་བཟོའི་འགན་འཛིན་དང༌། ཕྱི་ལོ་ ༡༩༩༡ ལོར་བདེ་སླར་བཟོ་འགོ་གནང༌། ཕྱི་ལོ་ ༡༩༩༢ ལོར་བདེ་སྲུང་ལས་ཁུངས་སུ་དྲུང་གཞོན་ལས་རོགས་སུ་གནས་སྤོས་གནང༌། ཕྱི་ལོ་ ༡༩༩༣ ལོར་དྲུང་གཞོན་དུ་གནས་སྤར་དང༌། ཕྱི་ལོ་ ༡༩༩༩ ལོར་ཟུང་འབྲེལ་དྲུང་ཆེར་གནས་སྤར་གྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ལས་འགན་ཐོག་གནས་སྤོས་གནང༌། ཕྱི་ལོ་ ༢༠༠༡ ལོར་དབུས་འོས་བསྡུ་ལས་ཁང་གི་ཟུང་དྲུང་དང་ཕྱི་ལོ་ ༢༠༠༧ ལོར་དྲུང་འཕར་དུ་གནས་སྤར་གནང༌། ཕྱི་ལོ་ ༢༠༠༨ ལོར་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས་ཀྱིས་ཚོགས་དྲུང་ལས་ཚབ་ཏུ་བསྐོ་གཞག་དང༌། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ ནས་དྲུང་ཡིག་ཆེན་མོར་གནས་སྤར་ཐོག་ཚོགས་དྲུང་གི་ལས་འགན་བཞེས་མུས་ཐོག་མདོར་ན་ལོ་ངོ་ ༣༧ རིང་བོད་གཞུང་མང་ལ་ཞབས་འདེགས་ཞུས་འདུག ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༩ ཉིན་དགུང་གྲངས་ ༥༧ ཐོག་སྐུ་ཚེའི་འཕེན་པ་རྫོགས་པ་བཅས་དམ་པ་ཁོང་གི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ།།

 

ཚོགས་དྲུང་ཟུར་པ་རང་འཁོར་ངག་དབང་ཚུལ་ཁྲིམས་ལགས།
ཕྱི་ལོ་ ༡༩༩༦།༠༣།༢༠ ནས་ ༢༠༠༨།༠༦།༣༠ བར་ཚོགས་དྲུང་།
རང་འཁོར་ངག་དབང་ཚུལ་ཁྲིམས་ལགས་ནི་ཕྱི་ལོ་ ༡༩༧༣ ལོ་མཇུག་ཏུ་གཞི་རིམ་འཛིན་གྲྭ་བཅུ་གཅིག་གི་རྒྱལ་ཡོངས་ཡིག་རྒྱུགས་ཨང་སྡེ་གཉིས་པའི་ཁོངས་ཐོན་རྗེས་གཞུང་ཞབས་སུ་རང་མོས་འདོད་བསྟུན་དགའ་འདེམས་ཀྱིས་ཕྱི་ལོ་ ༡༩༧༣ ཟླ་ ༩ ཚེས་ ༡ ནས་ཤེས་རིག་ལས་ཁུངས་སུ་གཞོན་དྲུང་ཚོད་ལྟའི་མིང་ཐོག་ཞབས་སྣེར་ཚུད་དེ་ཤེས་རིག་ནང་ལས་རྒྱུན་སྔ་རྗེས་གཉིས་སུ་ལོ་གྲངས་ ༡༧ དང་། ཕྱི་ལོ་ ༡༩༨༧ ཟླ་ ༤ ཚེས་ ༡ ནས་ ༡༩༩༢ བར་ལས་བྱེད་བདག་གཉེར་ཁང་ངམ། གཞུང་ཞབས་འདེམས་བསྐོ་ལྷན་ཁང་དུ་ལས་ཡུན་ལོ་ ༦ སོགས་གནང་སྐབས་ཐོག་མར་འཕྲལ་སེལ་ལས་བྱེད་དང་། གཞོན་དྲུང་ཚོད་ལྟ། གཞོན་དྲུང་ངོ་མ། རྒན་དྲུང་ལས་ཚབ། རྒན་དྲུང་ངོ་མ། དྲུང་གཞོན་ངོ་མ། ཟུང་དྲུང་། དྲུང་འཕར། དྲུང་ཡིག་ཆེན་མོ་བཅས་ཀྱི་གནས་རིམ་ས་མིག་ཡོད་དོ་ཅོག་ལ་ཐེམ་སྐས་རིམ་འཛེགས་ཀྱིས་འགན་ཁུར་མི་ལོ་ ༣༥ ཙམ་རིང་གནང་ཡོད་འདུག དམིགས་གསལ་ཁོང་གིས་ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༠ ནས་ ༢༠༠༨ ཟླ་ ༦ ཚེས་ ༣༠ བར་ལོ་གྲངས་ ༡༢ ལྷག་ཙམ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་གི་ལས་ཁུར་རྒྱུན་མཐུད་གནང་སྐབས་ཚོགས་གཙོ་རྣམ་གཉིས་དང་སྤྱི་འཐུས་རྒྱུན་ལས་ཀྱི་ལམ་སྟོན་གཟིགས་སྐྱོང་འོག་རྒྱུན་དུ་ཚོགས་དྲུང་ལས་ཁུངས་ཀྱི་ཕྱི་ནང་འཛིན་སྐྱོང་ལས་དོན་སྤྱི་དང་། གྲོས་ཚོགས་སྐབས་གྲོས་འཆར་གྱིས་མཚོན་ཡིག་ཆ་དང་ལས་རིམ་གོ་སྒྲིག་ཐོག་ཐག་ཆོད་གཏན་འབེབས་ཟིན་པ་རྣམས་ལག་ལེན་མཇུག་སྐྱོང་བྱ་སྒོ། སྒྲིག་གཞི་ཁག་ལ་དུས་བསྟུན་ལེགས་ཆའི་བསྐྱར་བཅོས་གཏན་འབེབས་ཟིན་པ་རྣམས་སྡེ་ཚན་དབྱེ་གསེས་ཕྱོགས་བསྒྲིགས་ཡིག་ཚགས་དང་འབྲེལ་སླར་སྒྲིག་གཞི་ཁག་དེབ་གཟུགས་དཔར་བསྐྲུན་འགྲེམས་སྤེལ་ཐུབ་ཐབས་གོ་སྒྲིག དེ་བཞིན་གཞུང་འབྲེལ་མཛད་སྒོ་བོད་ལྗོངས་རང་དབང་སྒེར་ལངས་སམ་གསུམ་བཅུའི་དུས་དྲན་དང་། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན། བོད་ལྗོངས་མང་གཙོའི་དུས་དྲན། ནོ་སྦེལ་གཟེངས་རྟགས་དུས་ཆེན་སོགས་གཙོ་གྱུར་ཐོག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་སྒོ་ཁག་ལ་སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་ཀྱི་གསུང་བཤད་འཚམས་འཕྲིན་གྱི་ཟིན་བྲིས་བཟོ་འགོད། སྐབས་དང་པོ་ནས་བདུན་པའི་བར་སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་རྒྱུས་དེབ་ཆུང་སྔོན་ཐོག་སྐབས་བརྒྱད་པ་ནས་སྐབས་བཅུ་བཞི་པའི་ལོ་སྟོད་བར་གྱི་ལོ་རྒྱུས་དང་མང་གཙོའི་འཕེལ་རིམ་སྐོར་ཕྱོགས་བསྒྲིགས་འཕར་སྣོན་དྲ་རྒྱའི་ནང་གསར་བཅུག་གིས་ཀུན་གྱིས་གཟིགས་བདེ་ཞིག་བཟོས་པ། སྐབས་བཅུ་གཉིས་དང་། བཅུ་གསུམ། བཅུ་བཞིའི་ལོ་དཀྱིལ་བར་ལོ་འཁོར་ལས་བསྡོམས་སྙན་ཞུ་བཟོ་འགོད། ལས་ཁུངས་དང་། གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་འཛིན་ཆས་གསར་བཟོ་སོགས་ཞུ་སྒོ་ཁག་འགན་ཁུར་ལྕི་ལ་གདོང་ལེན་བྱ་དགོས་ཇི་སྙེད་ཅིག་ཡོད་ཀྱང་ངལ་ཁུར་དྭང་ལེན་འབད་འབུངས་ཡོད་རྒུ་རྩལ་སྤྲུག་གནང་།
གོང་གསལ་ལས་དོན་གནང་སྐོར་འགའ་ཞིག་ལ་ཞིབ་འགྲེལ་ཞུས་ན། སྒྲིག་གཞི་གསར་དུ་གཏན་འབེབས་དང་། བསྐྱར་བཅོས་སྔ་རྗེས་རིམ་པར་གནང་རིགས་རྣམས་གྲོས་ཚོགས་གྲུབ་འཕྲལ་༸སྤྱི་ནོར་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་བསྟར་སྙན་ཕུལ་གྱིས་བཀའ་འཁྲོལ་ཆོག་མཆན་མཚན་རྟགས་བསྩལ་བསྟུན་བཀའ་ཤག་གིས་གཙོས་དབུས་ལས་ཁུངས་ཁག་དང་གཞུང་འབྲེལ་ཚགས་ཤོག་ཁག་ནང་འགོད་འགྲེམས་གནང་རྗེས། ཡིག་ཆ་རྣམས་རྩ་འཛིན་སླད་ཡིག་སྣོད་ཆེ་བ་ཞིག་གི་ནང་གོ་རིམ་བཞིན་བསྟར་ཆགས་སྡེབ་བསགས་ཐོག་ཡིག་ཆ་བོར་གྱར་འཚེམས་ལུས་སོགས་མི་འབྱུང་སླད་དཀར་ཆག་རང་སྒྲིག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཆེད་ཡིག་སྣོད་ཁེར་གཙང་། དེ་མིན་སྒྲིག་གཞི་གསར་དུ་གཏན་འབེབས། བསྐྱར་བཅོས་རིམ་སོང་ངོ་བཤུས་རྣམས་འབྲེལ་ཆགས་སྡེ་ཚན་ཁག་འགར་དབྱེ་སྟེ་དཔེར་ན། འཛིན་སྐྱོང་སྡེ་ཚན་ཁོངས་འཛིན་སྐྱོང་བཀའ་ཤག་གི་སྒྲིག་གཞི་དང་། གཞུང་ཞབས་འདེམས་བསྐོ་ལྷན་ཚོགས་ཀྱི་སྒྲིག་གཞི། གཞུང་ཞབས་པའི་ལས་ཤག་བགོ་འགྲེམ་སྒྲིག་གཞི། གཞིས་ཆགས་ཁག་གི་ས་ཁང་སྒྲིག་གཞི། སྲི་ཞུ་བར་གཟེངས་རྟགས་སྩོལ་ཕྱོགས་སྒྲིག་གཞི། གྲོས་ཚོགས་དང་འབྲེལ་བའི་སྡེ་ཚན་ཁོངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། རྒྱུན་ལས་ཀྱི་སྒྲིག་གཞི། ཚོགས་གཙོའི་ངལ་སེལ་ཐེབས་རྩའི་སྒྲིག་གཞི། ཁང་ཁུངས་བདག་འཛིན་གྱི་སྒྲིག་གཞི། ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི། འོས་བསྡུ་དང་འབྲེལ་བའི་སྡེ་ཚན་ཁོངས་འོས་བསྡུ་ལས་ཁང་དང་། འོས་བསྡུའི་ལས་རིམ། ས་གནས་འོས་བསྡུ་ལས་ཁང་དང་འོས་བསྡུའི་ལས་རིམ། བཀའ་བློན་ཁྲི་པ་འོས་བསྡུ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ། བོད་མི་མང་སྤྱི་འཐུས་འོས་བསྡུ། ས་གནས་འཐུས་ཚོགས་འོས་བསྡུ། ས་གནས་འགོ་འཛིན་འོས་བསྡུ་བཅས་ཀྱི་སྒྲིག་གཞི་ཁག དཔལ་འབྱོར་དང་འབྲེལ་བའི་སྡེ་ཚན་ཁོངས་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། དྭང་བླང་དཔྱ་ཁྲལ་དང་བསྡུ་དངུལ་གཞན་དག་གི་ཁྲིམས་ཡིག བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི། རྩིས་ཞིབ་ཀྱི་སྒྲིག་གཞི། དེ་བཞིན་མཛད་གཙོ་རྣམ་པའི་ཐོབ་ཐང་སྒྲིག་གཞི་སོགས་ཡིག་སྣོད་ལོགས་སུ་བཟོས་ཏེ་དེའི་ནང་འབྲེལ་ཡོད་སྒྲིག་གཞི་མ་ཕྱིའི་ངོ་བཤུས་དང་། དེ་རྗེས་བསྐྱར་བཅོས་རིམ་སོང་བཅས་ཀྱི་ངོ་བཤུས་རེ་བསྟར་ཆགས་སུ་བཅུག་སྟེ་འཚེམས་ལུས་མ་འགྲོ་བའི་དཀར་ཆག་བཀོད་ཡོད་པ་དང་། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ནི་རྒྱུན་དུ་བེད་སྤྱོད་གཟིགས་བདེ་དང། རྗེས་སུ་དེབ་གཟུགས་སུ་དཔར་སྐྲུན་སྐབས་རྩ་འཛིན་མ་ཕྱིར་བེད་སྤྱོད་ཆོག་པ་ཁམས་གཙང་གནང་། དེ་འབྲེལ་ཁོང་གི་ལས་རྒྱུན་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐེངས་གཉིས་དཔར་འདེབས་ཐོག ཕྱི་ལོ་ ༢༠༠༧ ནང་གོང་གསལ་སྒྲིག་གཞི་བྱིངས་རྣམས་སྡེ་ཚན་འདྲེས་མེད་དེབ་གཟུགས་སུ་ཐེངས་གཉིས་པ་དཔར་སྐྲུན་གྱིས་ལས་ཁུངས་ཁྱབ་ཁོངས་མ་ལག་དང་། གཞན་ཡང་འབྲེལ་ཡོད་ཁག་ལ་རིན་མེད་འགྲེམས་སྤེལ་གྱིས་འཕྲོས་རྣམས་དོན་གཉེར་བ་རྣམས་ལ་ཚོང་འགྲེམས་བྱེད་མུས་དང་།
སྤྱི་འཐུས་ལྷན་ཁང་དུ་དེབ་རིགས་དཔར་ཕུད་ཕུལ་འབྱོར་དང་། ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་རྣམས་ལྕགས་སྒམ་ནང་བཅུག་བསགས་འདུག་པར་དགོས་གལ་སྐབས་བསྔོག་འདོན་དཀའ་ཞིང་། གྲོས་ཚོགས་འཐུས་མི་རྣམས་ཀྱི་ཆེད་དཔེ་མཛོད་ཁང་ཆུང་ངུ་ཞིག་དགོས་གལ་སྐོར་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ནང་བསམ་འཆར་རིམ་བྱུང་ལྟར་ཡུ་རོབ་སྤྱི་འཐུས་བདེ་བ་ཚང་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་རོགས་རམ་མཐུན་འགྱུར་འོག་རྒྱུན་ལས་ཚོགས་ཁང་རྙིང་པའི་ནང་དེབ་རིགས་འགྲེམས་འཇོག་བྱ་ཡུལ་ཤིང་རྒྱུ་སྤུས་ལྡན་ལས་གྲུབ་པའི་ཆ་སྒམ་བང་ཁྲི་ཤེལ་སྒྲོམ་ཅན་བཟོ་བཀོད་མཛེས་ལྡན་གསར་བཟོ་དང་། གོང་གསལ་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆའི་ཐོག་མང་གཙོའི་འཕེལ་རིམ་དང་། ཆབ་སྲིད་དང་འབྲེལ་བའི་དེབ་རིགས། རྒྱལ་རབས། གཞུང་སྲིད་འཛིན་སྐྱོང་གི་དེབ་རིགས་གཙོ་གནད་ཆེ་བ་དེབ་གྲངས་ཉིས་བརྒྱ་བརྒལ་བ་གསར་དུ་ཉོ་བསྒྲུབས་ཐུབ་པར་ཉམས་ཞིབ་སླད་གང་ཅིའི་ཕན་ཐོགས་བྱུང་ཡོད་པ་མ་ཟད། ལས་ཁུངས་སྟེང་ཤོད་ཡོངས་ཀྱི་ནང་འཛིན་ཆས་ཁག་ལ་ཉམས་གསོ་བཟོ་བཅོས། རྩིག་སྦྱར་ཡིག་སྣོད་ཆ་སྒམ་ཡོངས་ལ་ཤེལ་སྒྲོམ་གསར་བཟོ། དེ་བཞིན་ལས་ཁུངས་ཀྱི་རྒྱལ་སྒོར་རྙིང་པ་གསར་བཟོ་གནང་པས་ལས་ཁུངས་ཀྱི་བརྗིད་ཉམས་མཛེས་རྒྱན་ལའང་ཕན་ཐོགས་བྱུང་འདུག་ཅེས་གཟུ་གནས་རྣམས་ནས་བསྔགས་བརྗོད་ཐོབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཉིས་ཀྱི་འགོ་སྟོད་བར་གྲོས་ཚོགས་ཀྱི་གསར་འཕྲིན་དཔར་སྐྲུན་བྱ་ཕྱོགས་ཐད་སྣུམ་དཔར་འཕྲུལ་འཁོར་རྙིང་པ་དེ་འདྲ་ལས་བེད་སྤྱོད་ཆ་རྐྱེན་མེད་སྟབས་དུས་འགོར་ཆེ་ལ་ནག་ནོག་གིས་གཟིགས་བདེ་མེད་ཐོག དཔར་སྐྲུན་གཞི་རྒྱ་ཆུང་ངུ་ལས་གསར་གཟིགས་པ་རྣམས་ཀྱི་རེ་བ་རྒྱ་ཆེ་སྐོང་ཐུབ་ཀྱི་མེད་ཅིང་། དེ་སྐོར་འབྲེལ་ཡོད་ལྡི་ལིར་རྟེན་གཞི་བྱེད་པའི་འཇར་མན་ཕེ་རི་ཌིག་ནའོ་མན་ཐེབས་རྩར་དཀའ་ངལ་གནས་སྟངས་སྙན་སེང་དང་སྦྲགས་རོགས་རམ་འབོད་སྐུལ་ཞུས་འབྲས་མ་གནད་སྒོར་བདུན་འབུམ་གྱི་དཔར་སྐྲུན་འཕྲུལ་འཁོར་སྤུས་ལེགས་ཤིག་མཁོ་བསྒྲུབས་གནང་སྟེ་དཔར་རྩ་གཅིག་གིས་ཐེངས་གཅིག་ལ་ཤོག་གྲངས་མང་པོ་བསྡེབས་བསྐྲུན་ཐུབ་པའི་ཆ་རྐྱེན་ལྡན་ལ་དཔར་ཁང་ནང་དཔར་སྐྲུན་དང་དབྱེར་མེད་དངོས་གཙང་ཀུན་གྱིས་གཟིགས་བདེར་གྱུར་ཅིང་། བཙན་བྱོལ་བོད་གཞུང་གི་དབུས་ཕྱོགས་གཉིས་སུ་ཡོད་པའི་ལས་ཁུངས་མ་ལག་ཁྱབ་ཁོངས་ཁག་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཁག རིས་མེད་དགོན་སྡེ་གྲྭ་ཚང་ཁག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་རིན་མེད་འགྲེམས་སྤེལ་དང་། གཞན་ཡང་དོན་གཉེར་ཅན་ཁག་ལ་རིན་འབབ་སྣེ་སེལ་སྒོར་ལྔ་རེར་ཚོང་འགྲེམས་སོགས་ཀྱི་ཆེད་གྲོས་ཚོགས་རེར་ཆ་སྙོམ་གསར་འཕྲིན་གྲངས་བདུན་རེ་ཙམ་དང་། གསར་འཕྲིན་རེར་ཤོག་གྲངས་བརྒྱ་སྐོར། ཐེངས་གཅིག་ལ་གཏོང་ཡུལ་གྲངས་ལྔ་བརྒྱ་སྐོར་ལ་བསྡེབས་གཏོང་ཐུབ་པ་འདིས་ཕན་ཐོགས་རྒྱ་ཆེ་བྱུང་དང་ཡོང་བཞིན་པ་ཀུན་གྱིས་གཟིགས་ལམ་དུ་ཡོད་པ་མ་ཟད། རྗེས་སུ་དྲ་རྒྱའི་ལམ་ནས་ཀྱང་ལྟ་ཀློག་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད།སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་བདུན་རེར་འཆར་ཅན་ཐེངས་གཉིས་དང་། འཕར་ཚོགས་བཅས་སུ་ཚོགས་བཅར་ཚིག་ཐོ་འགོད་ལེན་གྱིས་ཚོགས་གཙོའི་གཟིགས་སྐྱོང་འོག་དེ་དག་ལག་ལེན་རྒྱུན་སྐྱོང་ཐོག་ཟླ་རེེར་རྒྱུན་ལས་ཀྱི་གསར་འཕྲིན་ཕྱོགས་བསྒྲིགས་ཀྱིས་སྤྱི་འཐུས་ཡོངས་ལ་འགྲེམས་སྤེལ་གནང་ཡོད། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་ཁང་རྒྱ་སྐྱེད་འཛུགས་སྐྲུན་སྐབས་ ཁང་པའི་ས་བཀྲ་བཀའ་འཁྲོལ་ཞུ་རྒྱུ་དང་། ཨར་རྒྱུ་མཁོ་བསྒྲུབ། ཨར་ལས་ལ་ཉིན་རེ་ཉིན་རེའི་ལྟ་རྟོག་བཅས་ལ་འཁུར་མཉམ་ལེན་གནང་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ་བགྱིས་པའོ།།

 

ཚོགས་དྲུང་ཟུར་པ་བདེ་ཤར་ཚེ་རིང་རྡོ་རྗེ་ལགས།
ཕྱི་ལོ་ ༡༩༩༣།༡༡།༣༠ ནས་ ༡༩༩༦།༠༣།༡༩ བར་ཚོགས་དྲུང་།
༄༅།། བདེ་ཤར་ཚེ་རིང་རྡོ་རྗེ་ལགས་ནི་ཕ་བྲེ་སྲང་ཉི་མ་དང་མ་བསོད་ནམས་བུ་འཁྲིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༡ ཉིན་བོད་དབུས་གཙང་ཁུལ་ཕག་རིར་འཁྲུངས། ཕྱི་ལོ་ ༡༩༥༨ དང་ ༡༩༥༩ ལོར་ཕག་རི་ཟུར་ཁང་སློབ་གྲྭའི་ནང་བོད་ཡིག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༠ ལོར་ཕ་མ་མཉམ་དུ་འབྲུག་བརྒྱུད་རྒྱ་གར་ཀ་ལིམ་སྤོང་དུ་སྐྱབས་བཅོལ་དུ་འབྱོར། ཕ་མ་བཟང་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཁུལ་དེར་ཡོད་པའི་ཀུ་ཀྲི་ཤོད་སློབ་གྲྭར་བསྐྱོད་དེ་བོད་དབྱིན་ཧིན་གསུམ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བྱུང་། དེ་རྗེས་དྷ་རམ་ས་ལ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་སློབ་འཇུག་ཞུས། ཕྱི་ལོ་ ༡༩༦༡ ལོར་དྷ་ས་བོད་ཁྱིམ་ནས་སློབ་ཕྲུག་གཞན་བརྒྱ་ལྷག་ཙམ་མཉམ་དུ་མ་སུ་རི་གཏན་སློབ་དུ་གཏོང་གནང་མཛད། ༡༩༦༥ བར་མ་སུ་རི་གཏན་སློབ་དུ་འཛིན་རིམ་ ༥ པ་བར་སློབ་སྦྱོང་གནང་། ༡༩༦༥ ལོ་མཇུག་ཏུ་ཁོང་གི་ཕ་མ་མའེ་སོར་ལུགས་བསམ་གཞིས་ཆགས་སུ་ཡོད་སྟབས་བོད་ཁྱིམ་ནས་སློབ་ཕྲུག་གཞན་མཉམ་དུ་མའེ་སོར་གཞིས་ཆགས་སུ་གཏོང་གནང་མཛད་སྟབས་གཞིས་ཆགས་ཉིན་སློབ་ཏུ་ཕྱི་ལོ་ ༡༩༦༧ བར་ལོ་གཉིས་རིང་འཛིན་གྲྭ་ ༧ པ་བར་སློབ་སྦྱོང་གནང་། དེ་རྗེས་ ༡༩༦༨ ལོར་ཕོ་བྲང་ནང་བཞུགས་ཨུ་མ་རྡི་ཝི་མཆོག་དང་སུད་སི་ཌོག་ཌར་ཝི་རྡར་ཁེར་རྣམ་གཉིས་ཀྱི་རོགས་རམ་ཐོག་ཁོང་དང་སློབ་ཕྲུག་གཞན་གྲངས་ ༥ མཉམ་དུ་མའེ་སོར་གྲོང་ཁྱེར་ཁུལ་ཡོད་པའི་རྒྱ་གར་གཞི་རིམ་སློབ་གྲྭ་ (St. Philomena,s High School, Mysore City) ཞེས་པར་གཏོང་གནང་མཛད་སྟབས་ ༡༩༧༠ ཐམ་པ་བར་སློབ་གྲྭ་དེར་སློབ་སྦྱོང་གནང་སྟེ་གཞི་རིམ་ (High School, SSLC) སློབ་གྲྭ་ཐོན། ༡༩༦༨ ནས་ ༡༩༧༠ ཐམ་པ་བར་གོང་གསལ་སློབ་གྲྭའི་འཛིན་རིམ་ ༨།༩།༡༠ བཅས་ཀྱི་རྒན་བདག་ཏུ་བསྐོ་གཞག་གནང་། སློབ་གྲྭ་འདིའི་ནང་བོད་རིགས་སློབ་ཕྲུག་གྲངས་ ༡༠ ཙམ་མ་གཏོགས་དེ་བྱིངས་གྲངས་ ༨༠༠ ཙམ་ཡོད་པ་རྒྱ་གར་སློབ་ཕྲུག་ཤ་སྟག་ཡིན་ཞིང་། དེ་བཞིན་ཁོང་ཉིད་ ༡༩༦༩། ༡༩༧༠ ལོར་སློབ་གྲྭ་སྤྱི་ཡོངས་ཀྱི་སྤྱི་ཚོགས་ཞབས་ཞུའི་འགན་འཛིན་དུ་ (Social Service Leader) བསྐོ་གཞག་གནང་སྟབས་འགན་འཁུར་ཧུར་འབུངས་ཆེ་བསྐྱེད་ངང་གནང་། ༡༩༧༠།༣།༡༠ ཉིན་ནས་བཟུང་གཞི་རིམ་སློབ་གྲྭ་མཐར་ཕྱིན་ཏེ་མའེ་སོར་ལུགས་བསམ་གཞིས་ཆགས་སུ་ཕ་མའི་སར་བསྐྱོད་དེ་མཐོ་སློབ་ཏུ་ཞུགས་རྒྱུའི་གྲྭ་སྒྲིག་གང་མཚམས་ཟིན་ཡོད་རུང་། བཞུགས་སྒར་ཕོ་བྲང་དུ་བཅའ་བཞུགས་ཁོང་ཚོའི་སྦྱིན་བདག་ཕྱི་རྒྱལ་པོ་ལན་ཌ་ནས་ཡིན་པའི་ནང་པ་རྨོ་བོ་ཨུ་མ་རྡི་ཝི་མཆོག་གིས་ཁོང་ལ་ཕྱག་བྲིས་དང་གློག་འཕྲིན་བཅས་གནང་འབྱོར་ནང་གསལ་ཁོང་གཞི་རིམ་སློབ་གྲྭ་ཐོན་ཟིན་སྟབས་མཐོ་སློབ་རིམ་པས་བྱས་ཆོག་རྒྱུར་སྔ་འཕྲོས་ཛ་དྲག་ཐོག་དྷ་ས་བཞུགས་སྒར་དུ་ངོ་བཅར་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བསྒྲུབ་རྒྱུར་ཧ་ཅང་གལ་ཆེར་སོང་ལམ་འཕྲལ་བཞུགས་སྒར་དྷ་རམ་ས་ལར་ངོ་བཅར་དགོས་ལུགས་བཀའ་ཕེབས་དགོངས་དོན་བཞིན་༸གོང་ས་མཆོག་དང་རང་གཞུང་གི་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆ་ཤས་ཤིག་གསབ་སླད་ཐུགས་ཕན་གསོ་རེ་སྙམ་སྟེ་མཐོ་སློབ་བྱ་རྒྱུའི་གོ་སྐབས་ཆ་ཚང་བློས་བཏང་གིས་བཞུགས་སྒར་དུ་ངོ་བཅར་ཞུས། དེའི་སྐབས་སུ་གཞུང་ཞབས་ཁོངས་དབྱིན་ཡིག་མཁྱེན་མཁན་ཧ་ཅང་དཀོན་པ་ཡོད་འདུག ཕྱི་ལོ་ ༡༩༧༠།༥།༡༥ ཉིན་སྐར་མ་ ༤༠ ཙམ་གྱི་རིང་༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཐོབ་བྱུང་ཞིང་། ༸གོང་ས་མཆོག་གི་རིན་བྲལ་བཀའ་སློབ་རྣམས་སྙིང་བཅང་དང་འབྲེལ་ཐོག་མར་ཁོང་ ༡༩༧༠།༥།༡༨ ཉིན་གཞུང་ཞབས་སུ་ཞུགས་ཏེ་ཆོས་རིག་ལས་ཁུངས་ཀྱི་ཨིན་དྲུང་དུ་བསྐོ་གཞག་གནང་སྟེ་ཟླ་རེའི་གླ་ཕོགས་སྒོར་ ༡༥༠ གཏན་འབེབས་གནང་། ཁོང་གིས་ཐོག་མར་ ༡༩༧༠།༥།༡༨ ནས་བཟུང་ ༢༠༠༥།༡༠།༣༠ ཙམ་བར་ལོ་ངོ་གྲངས་ ༣༥ ཙམ་གྱི་རིང་བཙན་བྱོལ་བོད་གཞུང་གི་ལྷན་ཁང་འདྲ་མིན་ཁག་ ༨ ཙམ་གྱི་ནང་གནས་རིམ་དམའ་ཤོས་གཞོན་དྲུང་ནས་མཐོ་ཤོས་དྲུང་ཡིག་ཆེན་མོ་བར་ཞབས་ཕྱི་གནང་། ཁོང་གིས་ལོ་ངོ་དེ་དག་གི་རིང་སྒྲིག་གསལ་ཐོབ་སེང་དང་ངེས་མེད་གུང་སེང་ཙམ་ལས་དེ་མིན་སྒེར་གྱི་དཀའ་ངལ་ཆེད་ཉིན་ཞག་གཅིག་ཀྱང་དགོངས་ཞུ་ཕུལ་རིགས་བྱུང་མྱོང་མེད་པ་མ་ཟད། དེ་སྔའི་ཐོབ་སེང་རིམ་གསོག་ཞུས་འབབ་ཉིན་གྲངས་ ༡༨༠ དགོངས་པ་མ་ཞུས་པའི་རྐྱེན་གྱིས་བོད་གཞུང་བཀའ་ཤག་ནས་ལེགས་གསོའི་བསྔགས་བརྗོད་གནང་བའི་བཀའ་ཡིག་བསྩལ་ཐོབ་བྱུང་ཡོད།
རང་གཞུང་ནས་གོ་སྒྲིག་གནང་བའི་དུས་ཐུང་ཟབ་སྦྱོང་གལ་ཆེ་ཁག་གི་ནང་ཞུགས་པའི་སྐོར།
ཕྱི་ལོ་ ༡༩༨༨ ལོར་རང་གཞུང་བཀའ་ཤག་ནས་ཁོང་ཨ་རི་ཝ་ཤིང་ཀྲོན་ཁུལ་གཞུང་ཞབས་གཞན་ཁག་བཞི་ལྷན་དུ་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་ཟབ་སྦྱོང་དུ་ཉིན་གྲངས་ ༤༠ རིང་གཏོང་གནང་བྱུང་བར་བརྟེན་ཁུལ་དེར་ངོ་བསྐྱོད་ཞུས་རྗེས་རྒྱ་གར་དུ་དུས་ཐོག་ཕྱིར་འཁོར་དང་འབྲེལ་སྔར་བཞིན་ལས་འཁུར་ཞུས།
གཞན་ཡང་ ༡༩༩༦ ནས་ ༢༠༠༢ བར་གཞུང་ཞབས་འདེམས་ལྷན་ནས་གོ་སྒྲིག་གནང་བའི་ལྡི་ལི་དང་མ་སུ་རི་བཅས་སུ་ཡོད་པའི་རྒྱ་གར་གཞུང་གི་ཆེས་མཐོའི་ལས་བྱེད་མཐོ་སློབ་ཁང་ (Indian Institute of Public Administration, Delhi and Lal Bahadur Shastri National Academy of Administration, Mussoorie) ཁག་གཉིས་བཅས་སུ་སྔ་རྗེས་དུས་ཐུང་གི་འཛིན་སྐྱོང་ཟབ་སྦྱོང་དུ་ངོ་བཅར་ཞུ་རྒྱུའི་གོ་སྐབས་ལེགས་སོན་བྱུང་ཡོད།
ས་འཁུར་འདྲ་མིན་ཇི་གནང་སྐོར།
ཚོགས་དྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་བདེ་ཤར་ཚེ་རིང་རྡོ་རྗེས་ ༡༩༧༠།༥།༡༨ ནས་ ༢༠༠༥།༡༠།༣༠ བར་གཤམ་གསལ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་ནང་ལས་འཁུར་འདྲ་མིན་ཇི་ཞུས་སྐོར་གཤམ་ལྟར།
ཨང་། ཟླ་ཚེས་ནས་ཟླ་ཚེས་བར། ས་གནས། གནས་རིམ། ལས་ཁུངས་དང་ལས་འགན།
༡། ༡༩༧༠།༥།༡༨ ནས་ ༧༢།༤།༤ དྷ་ས། ལས་བྱ། ཆོས་རིག་དབྱིན་དྲུང་།

༢། ༧༢།༤།༥། ནས་ ༧༣།༩།༣༠ བལ་ཡུལ་ཤར་ཁུམ། གཞོན་དྲུང་། བདེ་ལེཌ་གླིང་མཉམ་སྦྲེལ་རྩིས་པ།
༣། ༧༣།༡༠།༡ ནས་ ༧༦།༡༡།༢༠ ཀ་ལི་ཀ་ཏ། གཞོན་དྲུང་། ཡིད་ཆེས་དགེ་རྩའི་ལས་དྲུང་དང་རྩིས་པ།
༤། ༧༦།༡༡།༢༡ ནས་ ༨༣།༤།༣༠ དྷ་ས། རྒན་དྲུང་། དཔལ་འབྱོར་དངུལ་གཉེར།
༥། ༨༣།༥།༡ ནས་ ༩༡།༩།༣༠ དྷ་ས། དྲུང་གཞོན། དཔལ་འབྱོར་འདུ་འགོད་རྩིས་པ།
༦། ༩༡།༡༠།༡ ནས་ ༩༢།༧།༣༠ དྷ་ས། དྲུང་གཞོན། སྤྱི་འཐུས་ཚོགས་དྲུང་ལས་རོགས།
༧། ༩༢།༨།༡ ནས་ ༩༣།༡༡།༣༠ དྷ་ས། ཟུང་དྲུང་། སྤྱི་འཐུས་ཚོགས་དྲུང་ལས་རོགས།
༨། ༩༣།༡༢།༡ ནས་ ༩༦།༣།༣༡ དྷ་ས། ཟུང་དྲུང་། ཚོགས་དྲུང་ངམ་སྤྱི་ཁྱབ་དྲུང་ཆེ།
༩། ༩༦།༤།༡ ནས་ ༩༦།༥།༡ དྷ་ས། ཟུང་དྲུང་། ཆོས་རིག་ཟུང་དྲུང་།
༡༠། ༩༦།༥།༢ ནས་ ༩༦།༧།༢༡ དྷ་ས། དྲུང་འཕར། ཆོས་རིག་དྲུང་འཕར།
༡༡། ༩༦།༧།༢༢ ནས་ ༩༩།༡།༢༠ དྷ་ས། དྲུང་འཕར། འཕྲོད་བསྟེན་དྲུང་ཆེ།
༡༢། ༩༩།༢།༢༡ ནས་ ༢༠༠༢།༤།༡༩ དྷ་ས། དྲུང་ཆེ། འཕྲོད་བསྟེན་དྲུང་ཆེ།
༡༣། ༢༠༠༢ །༤།༢༠ ནས་ ༢༠༠༣།༡༠།༣༠ དྷ་ས། དྲུང་ཆེ། དཔལ་འབྱོར་དྲུང་ཆེ༑
༡༤། ༢༠༠༣།༡༡།༡ ནས་བཟུང་གཟུགས་གཞི་བདེ་མིན་རྐྱེན་གྱིས་གཞུང་ཞབས་ཁོངས་ནས་རྒས་ཡོལ་སྔ་བསྣུར་ཞུས།
༡༥། ༢༠༠༤།༤།༡ ནས་ ༠༥།༤།༢༤ དྷ་ས། དྲུང་ཆེ། ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་དྲུང་ཆེ།
༡༦། ༢༠༠༥།༤།༢༥ ནས་ ༠༥།༡༠།༣ དྷ་ས། སྤྱི་ཁྱབ་དྲུང་ཆེ། ཆེས་མཐོའི་ཁྲིམས་ཞིབ་ཁང་། ཆོད་གན།
༡༧། ༢༠༠༥།༡༠།༤ ནས་བཟུང་སྒེར་གྱི་དཀའ་ངལ་ལ་བརྟེན་ནས་གཞུང་ཞབས་ཁོངས་ནས་མཐའ་མའི་རྩ་དགོངས་ཞུས།
ལྷན་ཁང་ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ཚོགས་ཆུང་ཁག་ནང་ཕྱག་ལས་ཇི་གནང་སྐོར།
༡། ༡༩༧༠ ནས་ ༡༩༨༠ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས།
༢། ༡༩༧༢ ནས་ ༡༩༧༣ བར་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་དུ་ས་གནས་གཞོན་ལྷན་གྱི་དྲུང་ཆེ།
༣། ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་ཀྱི་ལས་ཞོར་སློབ་གྲྭའི་དབྱིན་དགེའི་ལས་འཁུར་གནང་།
༤། ༡༩༧༨།༥།༢༥ ནས་ ༡༩༨༡།༡༠།༢ བར་བོད་གཞུང་བདེ་ལེགས་སྨན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་འཁུར་ཞུས། སྐབས་དེར་ཁོང་དཔལ་འབྱོར་དངུལ་གཉེར་ཡིན་མུས།
༥། ༡༩༩༠ ལོར་བཀའ་ཤག་གི་བཀའ་འབྲེལ་བཞིན་བཀའ་ཤག་གསར་པའི་འོས་བསྡུའི་ཚོགས་མིའི་ལས་འཁུར་གནང་།
༦། ༡༩༩༩ ནས་ ༢༠༠༣ བར་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་ལས་འཁུར་གནང་།
༧། ༡༩༩༩ ནས་ ༢༠༠༡ ས་ཡོམ་སྔོན་འགོག་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་འགན་གནང་།
༨། ༢༠༠༢ ནས་ ༢༠༠༣ བར་འཕྲོད་བསྟེན་དྲུང་ཆེ་ཡིན་སྐབས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་བཞིན་བོད་ཕྲུག་ཤེས་ཡོན་དང་བདེ་དོན་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་འཁུར་གནང་།
༩། ༢༠༠༠ ནས་ ༢༠༠༣ བར་འཆར་འགོད་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་ཁུར།
༡༠། ༡༩༩༦ ལོར་རྡོར་གདན་དུས་འཁོར་དབང་ཆེན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་ཁོངས་འགན་ཁུར།
༡༡། ༡༩༩༦ ནས་ ༢༠༠༡ བར་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཆེའི་འགན་ཁུར།
༡༢། ༡༩༩༦ ནས་ ༢༠༠༡ བར་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་ཁུར།
༡༣། ༡༩༩༩ ནས་ ༢༠༠༡ བར་གཞུང་ཞབས་གནས་འཕོ་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་མིའི་འགན་ཁུར།
༡༤། ༢༠༠༠ ནས་ ༢༠༠༢ བར་དྷ་སྟེ་ཀུན་ཕན་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་ཁུར།
༥། ༢༠༠༣ ལོར་བོད་གཞུང་བཀའ་ཤག་ནས་ཤེས་རིག་པར་ཁང་སྒེར་བདག་ཅན་དུ་བསྒྱུར་རམ། ཡང་ན་གཞུང་འཛིན་མུ་མཐུད་ཇི་གནང་སྐོར་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མིར་བསྐོ་བསྩལ་གནང་བ་ཇི་བཞིན་འགན་འཁུར་གནང་།
༡༦། ༢༠༠༤ ནས་ ༢༠༠༥ བར་དྷ་སྟེང་དུ་ཡོད་པའི་ཌན་མག་བོད་ཀྱི་དགེ་རྩ་ལས་ཁུངས་ཀྱི་ཚོགས་མིའི་འགན་ཁུར།
༡༧། ༢༠༠༥ ནོར་གླིང་ཨ་མར་ཝཏིའི་དུས་འཁོར་དབང་ཆེན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་འགན་ཁུར།
༡༨། ༢༠༠༧ ལོར་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་བགྲེས་ཡོལ་སྤྱི་མགྲིན་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བརྟན་བཞུགས་ཚོགས་ཆུང་གི་དངུལ་གཉེར་དང་དྲུང་ཆེ་བཅས་ཀྱི་འགན་འཁུར་ཞུས།
༡༩། ༢༠༠༧ ཕྱི་ཟླ་ ༡༡ ནས་ ༢༠༠༨ ཕྱི་ཟླ་ ༤ བར་སུའི་ཌན་ཨ་ཡེ་ཨེམ་རོགས་ཚོགས་ནས་རེ་སྐུལ་གནང་བ་ཇི་བཞིན་བཞུགས་སྒར་ནང་སྲིད་དང་ཤེས་རིག འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་ཨ་ཡེ་ཨེམ་དང་འབྲེལ་ཆགས་ ༢༠༠༦།༠༧ ལོའི་རོགས་དངུལ་ལས་གཞི་ཁག་ལག་ལེན་ཇི་འཁེལ་ཡོད་མེད་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མིའི་འགན་ཁུར།
༢༠། ༢༠༡༠ ལོར་བཀའ་ཤག་གི་བཀའ་འབྲེལ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མིའི་འགན་འཁུར་གནང་།
༢༡། ༢༠༡༤ ལོར་བཀའ་ཤག་གི་བཀའ་འབྲེལ་ཇི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་འབོར་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མིའི་འགན་འཁུར་གནང་བ་བཅས་སྤྱི་ཁྱབ་དྲུང་ཆེ་ཟུར་པ་བདེ་ཤར་ཚེ་རིང་རྡོ་རྗེ་ཡི་ལོ་རྒྱུས་མདོར་བསྡུས་སུ།

ཚོགས་དྲུང་ཟུར་པ་བྱང་བཀྲས་ཕུན་ཚོགས་དབང་འདུད་ལགས།
ཕྱི་ལོ་ ༡༩༧༦།༡༢།༡༥ ནས་ ༡༩༩༣།༠༨།༠༡ བར་ཚོགས་དྲུང་།
༄༅།། བྱང་ཐང་བཀྲས་གླིང་ཕུན་ཚོགས་དབང་འདུས་ལགས་ནི་ཕྱི་ལོ་ ༡༩༢༦ ལོར་ཡབ་རྡོ་རྗེ་ཕུན་ཚོགས་ཀྱི་སྲས་སུ་ལྷ་སར་འཁྲུངས། བོད་ནང་བོད་ཡིག་སློབ་སྦྱོང་གནང་རྗེས་རང་གཞུང་གི་ཞབས་སྣེར་འཛུལ་ཞུགས་གནང་ཆེད་ཤོད་སྐོར་སྤྱི་ཁྱབ་རྩིས་ཁང་ལས་ཁུངས་སུ་དྲུང་གཏོགས་རྩིས་ཕྱུག་པའི་ཁོངས་སུ་བཞུགས་ནས་ཡིག་རྩིས་ཀྱིས་མཚོན་གཞུང་སྲོལ་འགྲོ་ལུགས་ཀྱི་སྦྱོང་བརྡར་གནང་།
ཕྱི་ལོ་ ༡༩༤༨ ལོར་ཡིག་རྩིས་རྒྱུགས་བཞེས་ཀྱིས་འཆར་འབུལ་ཕྱག་རྟགས་དགོངས་དོན་གཞུང་ཞབས་ཤོད་དྲུང་གི་གསར་མཇལ་གནང་སྟེ་ཞིབ་ཁང་ལས་ཁུངས་ཀྱི་ལས་བྱ་ལོ་གཅིག་རིང་གནང་། ཕྱི་ལོ ༡༩༤༩ ནས་ ༡༩༥༠ བར་སྲིད་བློན་ཟུར་པ་གླང་མདུན་གྱི་འགག་པའི་ལས་འགན་གནང་། ཕྱི་ལོ་ ༡༩༥༡ ནས་ ༡༩༥༣ བར་འོད་ཡུག་གླིང་གར་གཞིས་སྡོད་ཀྱི་ལས་འགན་གནང་། ཕྱི་ལོ་ ༡༩༥༤ ནས་ ༡༩༥༥ བར་རྒྱལ་སྟོན་གཞིས་སྡོད་ཀྱི་ལས་འཁུར་གནང་། ཕྱི་ལོ་ ༡༩༥༤ ལོར་བོད་ལྗོངས་ཆོས་སྲིད་གཉིས་ཀའི་གནས་ཚུལ་ལ་རིམ་པས་དུས་བསྟུན་བཅོས་བསྒྱུར་གནང་རྒྱུའི་ལེགས་བཅོས་སྤྱི་ཚོགས་གསར་འཛུགས་གནང་བའི་རྒྱུན་ལས་དྲུང་ཡིག་བསྐོ་བསྩལ་ལྟར་ཕྱི་ལོ་ ༡༩༥༦ ནས་ ༡༩༥༨ བར་ཞབས་ཞུ་གནང་། ཕྱི་ལོ་ ༡༩༥༨ ལོར་ལེགས་བཅོས་རྒྱུན་ལས་ཀྱི་ཞབས་ཞུ་རང་འཇགས་ཐོག་རྩིས་ཁང་ལས་ཁུངས་ཀྱི་རྩིས་པར་གནས་སྤར་གྱིས་ལས་འགན་གཅིག་ལྕོགས་བསྐོ་གཞག་བསྩལ། ཕྱི་ལོ་ ༡༩༥༩ ལོར་རྒྱལ་ས་ལྷ་སར་བོད་རིགས་སེར་སྐྱ་ཡོངས་རྫོགས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ནས་བཙན་འཛུལ་མཁན་རྒྱ་དམར་ལ་ངོ་རྒོལ་སྒེར་ལངས་བྱས་པའི་ཉིན་མོ་དེར། མང་ཚོགས་ཀྱི་འབོད་བསྐུལ་ལྟར་མི་མང་འཐུས་མི་རྣམས་གྲོས་བསྡུར་གྱིས་གཙོ་བོ་སྐུའི་སྲུང་འདོམས་ཞུ་རྒྱུ་དང་། རྒྱ་ཕྱོགས་ལ་འཚེ་མེད་ཞི་བའི་ལམ་ནས་འཕྲོས་མོལ་བྱ་རྒྱུ་བོད་ལྗོངས་ཁྱོན་ལ་གནས་པའི་བོད་མི་ཡོངས་རྫོགས་བསྐུལ་སློང་གིས་ལས་འགུལ་བཅས་ཀྱི་ཆེད་དུ་བོད་མི་མང་གི་ཚོགས་འདུ་ཆེན་མོའི་སྒྲིག་འཛུགས་གསར་གཏོད་བྱས་པའི་ཚོགས་འཐུས་ཁོངས་སུ་མི་མང་ནས་བདམས་ཐོན་བྱུང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་རྒྱ་དམར་གྱིས་དགྲ་གནོན་བྱས་རྗེས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་ལོ་དེའི་ཕྱི་ཟླ་ ༥ པའི་ནང་རྒྱ་གར་ཨ་སམ་མི་ས་མ་རིར་འབྱོར་ཐོག་དེར་ཡོད་བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ཞབས་ཞུ་དང་། དེ་རྗེས་ཀ་སྦུག་དོན་གཅོད་ཁང་གི་ལས་བྱ་བཅས་གནང་། ཕྱི་ལོ་ ༡༩༦༠ ཟླ་ ༧ ནང་བཀའ་འབྲེལ་བཞུགས་སྒར་དུ་བཅར་ཏེ་རྡ་རམ་ས་ལར་བོད་མི་བཙན་བྱོལ་བའི་བུ་ཕྲུག་རྣམས་གསོ་སྐྱོང་བསྐྱངས་སླད་བུ་གསོ་ཁང་དབུ་འཛུགས་གནང་བའི་ལས་བྱར་ཟླ་གཅིག་ཙམ་ཞབས་ཞུ་གནང་། ཕྱི་ལོ་ ༡༩༦༠ ཟླ་ ༩ ནང་སིམ་ལ་ཁུལ་འབྱོར་བོད་མི་ཁག་གཅིག་གི་ལམ་བཟོའི་འགོ་འཛིན་དུ་བསྐོ་རྫོང་གནང་བ་ལྟར་ས་གནས་སུ་ངོ་བསྐྱོད་ཀྱིས་ཟླ་བ་གཉིས་རིང་ལས་འཁུར་གནང་། ཕྱི་ལོ་ ༡༩༦༠ ཟླ་ ༡༡ ནང་བཀའ་རྒྱ་བསྩལ་འབྱོར་དགོངས་དོན་བཞུགས་སྒར་རྡ་རམ་ས་ལར་བོད་གཞུང་དམངས་གཙོའི་བཀོད་སྒྲིག་གནང་བའི་ལས་ཁུངས་མ་ལག་བརྒྱད་ཡོད་པའི་ཁོངས་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་ལས་རོགས་བསྐོ་གཞག་སྩལ་བ་ལྟར་སླར་ཡང་བཞུགས་སྒར་རྡ་རམ་ས་ལར་ངོ་བཅར་གྱིས་ཕྱི་ལོ་ ༡༩༦༠ ཟླ་ ༡༡ ནས་ ༡༩༦༢ ཟླ་ ༨ བར་དྲིལ་བསྒྲགས་འགན་འཛིན་ལས་རོགས་ཀྱི་འགན་འཁུར་གནང་། ཕྱི་ལོ་ ༡༩༦༢ ཟླ་ ༩ པའི་ནང་འབུམ་སྡེ་ལ་ཁུལ་གྱི་བཙན་བྱོལ་བོད་མིའི་འགོ་འཛིན་དུ་བསྐོ་བརྫོངས་གནང་བ་ལྟར་ས་གནས་སུ་ངོ་བསྐྱོད་ཀྱིས་ལས་འཁུར་གནང་། ལོ་དེར་རྒྱ་དམར་གྱིས་རྒྱ་གར་ས་ཐོག་བཙན་འཛུལ་གྱིས་རྐྱེན་པས་ས་མཚམས་ཁག་ནས་བཙན་བྱོལ་བ་བོད་མི་སྟོང་ཕྲག་བཞི་ཉེ་བ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་བ་རྣམས་ལ་བལྟ་རྟོག་བྱེད་མིའི་འགོ་འཛིན་བསྐོ་གཞག་སྩལ་བ་ལྟར་ལྷག་བསམ་འཁུར་བརྩོན་ཆེ་བསྐྱེད་གནང་། དེ་ཁོངས་ནས་མི་གྲངས་ ༡༠༠༠ ཐམ་པ་མ་སྡེ་སྤར་སྡེའི་ཁྱབ་ཁོངས་མན་སྤར་གཞིས་ཆགས་སུ་གཏོང་གནང་མཛད་པའི་འགོ་འཛིན་བསྐོ་གཞག་གནང་བ་ལྟར་ས་གནས་སུ་བསྐྱོད་དེ་ཕྱི་ལོ་ ༡༩༦༣ ནས་ ༡༩༦༧ བར་བོད་མིའི་གཞིས་ཆགས་གསར་བསྐྲུན་གྱི་ལས་འཁུར་གནང་། ཕྱི་ལོ་ ༡༩༦༧ ཟླ་ ༧ ནས་ ༡༩༧༦ བར་དཔལ་འབྱོར་འདུ་འགོད་ཁང་གི་དངུལ་གཉེར་དང་། དྲུང་གཞོན་གཅིག་ལྕོགས་ཀྱི་ལས་འཁུར་གནང་། ༡༩༧༧ ནས་ ༡༩༩༠ བར་ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་དྲུང་ཆེ་གནང་བ་དང་། ཕྱི་ལོ་ ༡༩༩༡ ནས་ ༡༩༩༣།༨།༡ བར་ཚོགས་དྲུང་གནང་མུས་ཐོག་སྐུ་ཚེ་འཕེན་པ་རྫོགས་འདུག་པ་བཅས་ལོ་རྒྱུས་མདོར་བསྡུས་སུ། །

ཚོགས་དྲུང་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས།
ཕྱི་ལོ་ ༡༩༧༥།༡༡།༡༤ ནས་ ༡༩༧༦།༡༢།༠༩ བར་ཚོགས་དྲུང་།
༄༅།། བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་ནི་ཟས་འདོད་རྒུ་འཛོམས་པའི་གཡང་ར་ཟོག་ཕུན་སུམ་ཚོགས་པའི་འདུ་གནས་གཉའ་ནང་ཚོང་འདུས་སུ་གཞུང་རྒྱུགས་བཀྲས་ཁང་པའི་ཁྱིམ་དུ་སྐྱེས་ཤིང་། ལོ་ན་བརྒྱད་དུ་སོན་སྐབས་ལོ་ཤས་རིང་སྔར་སྲོལ་ཡིག་རྩིས་རིག་གནས་སློབ་གཉེར་བགྱིས། རང་ལོ་ ༡༣ དུ་རྫོང་གཙོ་ཟུང་ནས་སྔར་ཡོད་རྒན་གཙོའི་ཐོག་མི་གསུམ་འཕར་སྣོན་བསྐོ་གཞག་གནང་བའི་གྲལ་དུ་ཚུད་དེ་མི་སྡེའི་འགན་ཁུར་མིང་འཛིན་གྱིས་ལོ་རེར་ལས་ཐོག་པ་ཞེས་མི་གཉིས་རེས་རྒྱུན་ལས་གནང་སྲོལ་ལྟར་གནང་མུར། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་གྱར་ཏེ་བལ་བོད་ས་མཚམས་སུ་བསྡད་སྐབས་བལ་དོན་བརྒྱུད་ཕ་དམ་པ་སོགས་ཀྱིས་བདེ་སྡུག་ཞུས་འབྲས་ལས་བཙན་བྱོལ་དུ་གྱར་བའི་གཉའ་ནང་མི་མང་གི་བུ་ཕྲུག་གང་འཚམས་ལ་ཕྱི་ལོ་ ༡༩༦༢ ལོར་རང་གཞུང་ནས་དགེ་རྒན་གཉིས་ཆེད་གཏོང་གིས་ཕོགས་ཐོབ་བལ་ཡུལ་རོགས་ཚོགས་ཕ་དར་མོ་རན་ནས་གནང་། ཕྱི་ལོ་ ༡༩༦༣ ཕྱི་ཟླ་དང་པོའི་ནང་ཧིན་བལ་ས་མཚམས་སྦེ་ར་ཝར་ཟླ་ཤས་རིང་བཀག་སྐྱིལ་བྱུང་མཐར་བདེ་སྡུག་ཞུས་འབྲས་ལས་རྒྱ་གར་དུ་ཡོང་འཐུས་བཀའ་དྲིན་ཐོབ་སྟེ་བོད་མི་ཆིག་སྟོང་སྐོར་མཉམ་དུ་པ་ཀྲན་ཀོ་ཀྲིར་འབྱོར་སྐབས་རྒན་གཞོན་དབྱེ་གསེས་ཀྱིས་ཀུ་ལུ་ལམ་ལས་དང་། མཉམ་ཡོད་བུ་ཕྲུག་ཆུང་གྲས་སློབ་སྦྱོང་ཆེད་བཞུགས་སྒར་དུ་གཏོང་གནང་མཉམ་ཁོང་རང་བཞུགས་སྒར་དུ་གཏོང་དགོས་ཕེབས་ལུགས་ལས་མཉམ་བཅར་གནང་།
ཤེས་རིག་ལས་ཁུངས་སུ་བཅར་འཕྲལ་ཡིག་ཚད་བཞེས་ཏེ་སྤྱན་ཞུ་བསྟར་བར་ལྷན་བཞུགས་གཉིས་ནས་ཡག་པོ་ཞེ་དྲག་འདུག་ཅེས་དགྱེས་ཚུལ་གྱིས་མི་རིང་བར་ཤེས་རིག་ལས་ཁུངས་ནས་སྔ་འཕྲོས་ཀང་ར་ཟུར་སློབ་ཀྱི་དགེ་རྒན་བྱ་དགོས་ཕེབས་པར་ཁས་ལེན་ཞུས་ཏེ་ཟླ་ཤས་རྩིས་པའང་གཅིག་ལྕོགས་དགོས་བཀའ་ཕེབས་པ་དང་། དེ་རྗེས་ཡིག་ཚད་བསྐྱར་བཞེས་ཀྱིས་ཟླ་བ་རེ་གཉིས་སོང་བསྟུན་ནེ་ཕ་ཅང་ལང་ཀུན་བཟང་གླིང་གི་བོད་དགེར་འགྲོ་དགོས་བཀའ་ཕེབས་པར་ལས་འགན་ཁུར་ཐུབ་མིན་བདེ་སྡུག་ཞུས་ཀྱང་རྔོ་མ་ཐོགས་པར་ཕེབས་དགོས་བྱུང་འདུག ཕྱི་ལོ་ ༡༩༦༣ ཕྱི་ཟླ་ ༡༢ ནང་ཅང་ལང་དུ་འབྱོར་ཏེ་ཕྱི་ལོ་ ༡༩༧༠ བར་ལོ་ངོ་བརྒྱད་རིང་སློབ་དགེའི་ལས་ཁུར་ཐོག་ལོ་ཤས་རིང་ལས་ཞོར་སློབ་གྲྭའི་དགེ་རྒན་ཡང་གནང་སྟེ་སྤྱི་སྨན་ལེགས་སློབ་དང་ལྷུར་ལེན་འགྱོད་མ་དགོས་པ་མཐར་ཕྱི་ལོ་ ༡༩༧༠ ཟླ་ ༩ ཚེས་ ༢༡ འཁོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་བཀོད་རྒྱ་ཕེབས་དོན་ཁོང་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱབ་གཉེར་ལྟར་སློབ་དགེའི་ལས་ཁུར་མཚམས་འཇོག་འཕྲལ་ལ་བགྱིས་ཏེ་བཞུགས་སྒར་དུ་ཐོན་དགོས་པའི་བཀའ་བྱུང་སྟབས་ལས་མཚམས་བཞག་ཏེ་བཞུགས་སྒར་ཆོས་ཤེས་ལས་ཁུངས་སུ་ཕེབས་ཏེ་བོད་སློབ་འཛིན་ཚོགས་ཀྱི་གནས་ངོ་སྤྱན་ཞུ་འགྲེལ་ཞུས་པར་དུས་ཡུན་གང་མཚམས་རིང་ལས་ཁུངས་དུ་མར་འཕྲལ་ལས་སུ་གཏོང་གནང་གར་དགོས་ལས་བྱ་གནང་མུར་ཕྱི་ལོ་ ༡༩༧༡།༡༢།༢༥ སྙན་ཐོ་ཕྱིར་བསྩལ་དགོངས་དོན་དགེ་བདེ་ལྕགས་མདོང་བཟོ་གྲྭའི་ཉེ་འཁྲིས་ཉི་མ་ཁ་ཆུའི་བཟོ་གྲྭ་གསར་འཛུགས་ཀྱི་འགོ་འཛིན་དུ་གཏོང་གནང་བྱུང་འདུག་ཀྱང་ལས་འགོ་བཙུགས་མ་དགོས་པ་བྱུང་འདུག
ཕྱི་ལོ་ ༡༩༧༢ ཟླ་ ༢ ཚེས་ ༡ ནས་དྲིལ་བསྒྲགས་དྲུང་གཞོན་དུ་བསྐོ་བཞག་དང་། ༡༩༧༥ ཟླ་ ༡༡ ཚེས་ ༡༢ འཁོད་བཀའ་ཤག་དང་སྤྱི་ལྷན་གཉིས་ནས་ཕེབས་དགོངས་ལྟར་ཚེས་ ༡༤ ནས་རྒྱུན་ལས་ཚོགས་འདུར་ཚོགས་དྲུང་དམ་བཅའ་མ་ཎི་བཀའ་འབུམ་ལག་ཏུ་ཐོགས་ཏེ་དམ་ཚིག་གཏན་འབེབས་བཞིན་མགོན་པོ་གང་གི་སྐུ་པར་རིན་པོ་ཆེའི་མདུན་སར་དམ་བཅའ་འབུལ་གནང་མཛད། ཕྱི་ལོ་ ༡༩༧༦ ཟླ་ ༡༡ ཚེས་ ༢༧ ལ་དྲིལ་བསྒྲགས་དྲུང་ཆེར་གནས་སྤོས་བཀོད་རྒྱ་བཞིན་ལོ་གསུམ་ལྷག་ཙམ་རིང་གནང་།
ཕྱི་ལོ་ ༡༩༧༩ ཟླ་ ༡༡ ཚེས་ ༢༨ ལ་ལ་དྭགས་གཞིས་སྤྱིར་དྲག་རེས་བསྐོ་བཞག་གནང་ཕེབས་ལ་དང་ལེན་ཐུབ་མིན་བདེ་སྡུག་ཞུས་འབྲས་མ་སོན་པར་མཐར་ལོ་ངོ་དྲུག་རིང་བཀའ་དགོངས་བཞིན་ལྷག་བསམ་ཁུར་ལེན་གནང་ཞིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་རྗེས་ཞབས་སོར་རེ་ཁ་བཀོད་པ་ལས་འཕྲལ་ཡུན་ཀུན་དགེའི་ལམ་བཟང་ཐོབ་པ་དང་། ཁོང་རང་ངོས་ནས་ཀྱང་མང་ཚོགས་སར་ལས་དོན་ཇི་ཞུས་གསེར་༸སྙན་སྒྲོན་འབུལ་གྱི་དུས་བཟང་ཐོབ།
ཕྱི་ལོ་ ༡༩༨༥ ཟླ་ ༨ ཚེས་ ༡༩ འཁོད་བཀའ་ཕེབས་གསལ་ལུགས་བསམ་གཞིས་འགོར་གནས་སྤོས་གནང་སྟེ་ཕྱི་ནང་འཛིན་སྐྱོང་དང་། མི་སྡེའི་བདེ་སྡུག་སྟངས་འཛིན་གནང་མུར་ཕྱི་ལོ་ ༡༩༨༧ ཟླ་ ༢ ཚེས་ ༢༣ ལ་ཀོ་ལེ་སྒར་དོན་ལྡན་གླིང་གཞིས་འགོར་གནས་སྤོས་ཀྱིས་ཕྱི་ནང་ལས་དོན་གང་ཅིར་གང་ཤེས་འགན་ཁུར་ཕྱོགས་ན་མི་ཡོད་པའི་རང་གཞུང་གི་བཀའ་དགོངས་སྒྲུབ་པ་བཅས་གཞིས་སྒར་ཁག་གསུམ་ནང་ལོ་ངོ་ ༡༣ རིང་ལས་ཁུར་གནང་། དེ་བཞིན་བགྲང་བྱ་བཅུ་ཕྲག་ལྷག་ཙམ་དྷ་ས་ས་གནས་གཞོན་ནུ་དང་དབུས་རྒྱུན་ནང་ལས་འགན་ཁུར་གནང་མཛད།
ཕྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༡༢ ལ་ཕེབས་དགོངས་བཞིན་གཞུང་ཞབས་འདེམས་ལྷན་དྲུང་ཆེ་དང་། ༡༩༩༤ ཟླ་ ༨ ཚེས་ ༡༨ ལ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸སྐྱབས་མགོན་ཆེན་པོས་རང་དབང་ཅན་གྱི་སྡེ་ཚན་གཞུང་ཞབས་འདེམས་བསྐོའི་ཚོགས་གཙོར་ཐད་བསྐོས་བཀའ་ཡིག་ཕྱག་སེན་ནོར་བུའི་འོད་སྣང་སྤྱི་བོའི་རྒྱན་དུ་བསྩལ་བ་བཞིན་ཞུ་སྒོ་གང་ཅིར་ཡིད་ཕྱོགས་སུ་མ་ལྷུང་བར་འབད་འབུངས་གནང་སྟེ་ལོ་ ༥ ཚེས་མཚམས་སླར་ཡང་འོས་བསྡུའི་འགན་འཛིན་ཐོག་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ཁུར་ལེན་གནང་མཐར་ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༢༨ ལ་སྙན་སེང་བཞིན་བཀའ་འཁྲོལ་གྱིས་རྒས་ཡོལ་མཐུན་རྐྱེན་དང་། དེ་རྗེས་མགོན་པོ་གང་གི་ཞལ་སྔ་ནས་གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱིས་སྤྱི་བོར་བཀུར་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་ཕྱག་བསྟར་གྱིས་བཀའ་དྲིན་གསོལ་བསྩལ་དང་འདི་ཕྱི་དགེ་བའི་བཀའ་བཟང་ཐོབ། དེ་རྗེས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་སྐྱབས་མགོན་ཆེན་པོའི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་ཁོངས་ལས་ཁུར་ཞུ་མུས་སུ་མཆིས་སོ། །

ཚོགས་དྲུང་ཟུར་པ་གྲོང་རེས་ཚང་བློ་བཟང་མཁས་གྲུབ་ལགས།

ཕྱི་ལོ་ ༡༩༧༤།༠༥།༢༨ ནས་ ༡༩༧༥།༠༦།༢༠ བར་ཚོགས་དྲུང་།

༄༅། །གྲོང་རེས་ཚང་བློ་བཟང་མཁས་གྲུབ་མཆོག་ནི་ཕྱི་ལོ་ ༡༩༣༩ ལོར་ཁམས་བྲག་གཡབ་གྲོང་རེས་ཚང་དུ་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པ་དང་། ཕྱི་ལོ་ ༡༩༦༥ ཟླ་ ༤ ཚེས་ ༢༣ ཉིིན་གཞུང་ཞབས་སུ་ཞུགས་ནས་ཆོས་དོན་ལྷན་ཁང་གི་ཡིག་འབྲི་དང་། དངུལ་གཉེར། རྩིས་པ་བཅས་ཀྱི་ལས་འགན་བཞེས། ཕྱི་ལོ་ ༡༩༧༣ ཟླ་ ༡ ཚེས་ ༦ ཉིན་གནས་བདུན་པར་གནས་སྤར་གྱིས་ཆོས་དོན་དྲུང་གཞོན་དང་། ཕྱི་ལོ་ ༡༩༧༣ ཟླ་ ༡༡ ཚེས་ ༦ ཉིན་དྲུང་ཆེ་ལས་རོགས་ཀྱི་གནས་རིམ་ཐོག་ཚོགས་དྲུང་གི་ལས་འགན་བཞེས། ཕྱི་ལོ་ ༡༩༧༥ ཟླ་ ༦ ཚེས་ ༢༡ ཉིན་ནས་གནས་སྐབས་དགོངས་ཞུ་གནང་། ཕྱི་ལོ་ ༡༩༧༧ ཟླ་ ༣ ཚེས་ ༡༠ གནས་བདུན་པའི་ལས་གནས་ཐོག་ལས་བྱེད་བདག་གཉེར་ཁང་གི་ལས་འགན་བཞེས། ཕྱི་ལོ་ ༡༩༨༣ ཟླ་ ༡ ཚེས་ ༡༧ ནས་གནས་དྲུག་པར་གནས་སྤར་གནང་སྟེ་སྦིར་ནང་ཆེན་གཞིས་འགོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༢༩ ནས་དྷ་སའི་བདེ་དོན་དང་བོད་མིའི་མཉམ་ལས་བཟོ་འགོ་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༡ ཟླ་ ༡༡ ཚེས་ ༡ ནས་གནས་རང་འཇགས་ཐོག་ཆོས་རིག་དྲུང་ཆེ་ལས་རོགས་དང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ དྲུང་ཆེ་ལས་འཕར་དང་རྗེས་སུ་དྲུང་ཆེའི་ལས་གནས་ཐོག་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༥ ཚེས་ ༣ ནས་ཆོས་རིག་དྲུང་ཆེའི་ལས་འགན་བཞེས་མུས་སྐབས་སྒྲིག་གསལ་ལྟར། ཕྱི་ལོ་ ༡༩༩༨ ཟླ་ ༧ ཚེས་ ༡ ནས་ལོ་གཉིས་བགྲེས་ཡོལ་ཕར་འགྱངས་གནང་སྟེ་མུ་མཐུད་མཛད་འགན་བཞེས། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡ ནས་བགྲེས་ཡོལ་བསྩལ།
ཕྱི་ལོ་ ༢༠༠༠ ཟླ ༡༠ ཚེས་ ༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་གྱིས། ༢༠༠༥ ཟླ་ ༧ ཚེས་ ༡ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།།

 

ཚོགས་དྲུང་ཟུར་པ་དགའ་གདོང་བསྟན་འཛིན་དབང་གྲགས་ལགས།

ཕྱི་ལོ་ ༡༩༧༢།༠༨།༡༨ ནས་ ༡༩༧༤།༠༥།༢༧ བར་ཚོགས་དྲུང་།
༄༅།། དགའ་གདོང་བསྟན་འཛིན་དབང་གྲགས་ལགས་ནི་ཕྱི་ལོ་ ༡༩༥༣ ལོར་ཐོག་མར་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཞབས་ཞུར་ཚུད་ཅིང་། ཕྱི་ལོ་ ༡༩༥༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྟོན་འཁོར་རྒྱ་ནག་པེ་ཅིང་ལ་ཆིབས་སྒྱུར་སྐབས་རྩེ་ཡིག་ཚང་གི་ལས་བྱའི་ཐོག་ཆིབས་ཞབས་སུ་བཅར།
༡༩༥༦ ལོར་གནས་སྐབས་དགོངས་ཞུས་ཀྱིས་རྒྱ་གར་དུ་གནས་མཇལ་དང་སྦྲགས་སློབ་སྦྱོང་གནང་བར་ཡོང་། ལོ་བཞིའི་རིང་ཀ་སྦུག་ཡེ་ཤུའི་སློབ་གྲྭར་འགྲིམས་པ་དང་གཞན་རང་སྦྱོང་སོགས་བྱས་ཏེ་བཞུགས། ༡༩༦༠ ལོར་རྡོར་གདན་དུ་སྨོན་ལམ་ཆེན་མོ་དང་པོ་ཚུགས་གནང་མཛད་པའི་གྲ་སྒྲིག་ལས་བྱར་ཕེབས། དེ་རྗེས་རྡོར་གླིང་ཁར་ཤང་དུ་རྒྱ་གར་གཞུང་གི་གློག་འཕྲིན་ཁང་དུ་བོད་སྐད་གནས་ཚུལ་རྒྱང་བསྲིངས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༣ ལོར་དྷ་ས་བཞུགས་སྒར་དུ་དང་བླངས་ཀྱིས་བཅར་ཏེ་ཐོག་མར་བོད་ཁྱིམ་དུ་ཟླ་ཤས་ཞབས་ཞུ་ཞུས་རྗེས་ད་ལྟའི་གངས་སྐྱིད་དཔེ་མཛོད་ཁང་གི་གཞི་རྩ་བོད་གཞུང་རྩོམ་སྒྱུར་ཁང་གི་བོད་དྲུང་དུ་ཁོང་བཟའ་འཚོ་བསྐོ་བཞག་སྩལ་བ་ལྟར་ལོ་གཉིས་ཞབས་ཞུ་བྱས། སྐབས་དེར་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་མིའི་གཞིས་ཆགས་ནི་རང་རེའི་སྙིང་རྩ་ལྟ་བུའི་གལ་ཆེ་ཡིན་པར་བཀའ་ཕེབས་ཡོད་ཅིང་། འོན་ཀྱང་གནས་སྟངས་དཀའ་ངལ་ཅི་ཆེར་བརྟེན་ས་གནས་ལས་བྱེད་མི་འགྲོ་བསྐོ་བཞག་བསྐྱང་རྒྱུ་མཛད་དཀའི་རང་བཞིན་ལ་སོང་ལས་བྱེད་སོ་སོས་དང་བླངས་ཞུ་མཁན་ཡོད་ན་གང་ལེགས་ཡོང་གནས་ཚོགས་འདུའི་ཐོག་རེ་བསྐུལ་གནང་བར་བརྟེན་ཁོང་བཟའ་འཚོ་གཉིས་ནས་དང་བླངས་ཞུས། ཕྱི་ལོ་ ༡༩༦༤ ལོར་ཁོང་ཨོ་རི་ས་གཞིས་ཆགས་རུམ་བཟོའི་འགོ་འཛིན་སུད་སི་སྐུ་ཞབས་སྦར་ཅི་ཟེར་བའི་ལས་རོགས་རང་ཁོངས་འགོ་འཛིན་དུ་བསྐོ་བཞག་བསྩལ་ཞིང་། ས་གནས་སུ་ཐོན་ཁར་ནང་སྲིད་ལས་ཁུངས་ནས་བཀའ་མངགས་སུ། གཞིས་དོན་རྒྱ་རོང་ནང་སོ་དེ་ཉིད་དང་རུམ་བཟོའི་འགོ་འཛིན་སུད་སི་བ་སྦར་ཅི་གཉིས་མཐུན་མིན་ཐོག དྲག་སློབ་ཁྱིམ་གཞིས་སྡོད་སྒར་པའི་རྒྱ་གར་གཞུང་གི་དམིགས་བསལ་སྐུ་ཚབ་ལཱལ་ནས་ཀྱང་བཟོ་འགོར་འབྲེལ་བ་ཇི་བཞིན་མ་བྱུང་བ་བཅས་ལ་བརྟེན་སུད་སི་བ་མི་གཤིས་གྱོང་བས་དོན་སྙིང་གཞིས་སྒར་གསུམ་པ་ནས་མ་གཏོགས་གཞན་ནས་རུམ་བཟོར་ལས་མི་འཇུག་ཉར་མི་བྱེད་པ་དེ་ལྟར་མ་ཡིན་པར། སྤྱིར་གཞིས་སྒར་ཚང་མ་དང་། ཡང་སྒོས་དྲག་སློབ་ཁྱིམ་གཞིས་སྡོད་སྒར་ལྔ་པར་ས་བསྐལ་གཞན་མཚུངས་མེད་པས་དཀའ་ངལ་ལ་བརྟེན་དེ་ནས་ལས་མི་གང་མང་རུམ་བཟོར་འཇུག་ཐབས་དགོས་གནད་ཕེབས་པ་ལྟར། ཕན་ཚུན་རྣམས་ལ་ཐབས་འབྲེལ་གྱིས་མོས་སྙོམས་ལས་མི་གང་མང་འཇུག་ཐུབ་པ་སོགས་ཁུངས་འདིའི་དམིགས་དོན་བཟོ་ལས་སློབ་སྦྱོང་གོང་སྤེལ་ཐོན་སྐྱེད་ཞུ་སྒོ་འཐུས་ཤོར་མེད་པ་གནང་།
དེ་རྗེས་ཕྱི་ལོ ༡༩༦༨ ལོར་ཨོ་གཞིས་དོན་གཅོད་དཀར་ཁང་ཕུན་ཚོགས་བཀྲ་ཤིས་ལགས་ཀུ་ལུ་ལམ་སྤྱིར་འཕོས་ཚབ་ཁོང་གཞིས་དོན་དུ་བསྐོ་གཞག་བསྩལ་དོན་ལས་འཁུར་ལོ་གཉིས་ཞུས་རིང་། གཞིས་ཆགས་སོ་ནམ་འདེབས་ལས་གླང་མི་གཉིས་ངལ་ཐོན་ཞན་པས་དེ་ལས་གྲོལ་ཆེད་འཕྲུལ་རྨོས་སུ་ལས་སྒྱུར་ཐབས་ཤེས་ཀྱིས་འདེབས་ལས་འཕྲུལ་འཁོར་བཅོ་ལྔ་སྐོར་རོགས་བཙལ་དོན་སྨིན་བྱུང་ཞིང་། འོན་ཀྱང་སྐབས་དེར་སྟོན་ཉེས་དབང་གིས་གཞིས་མི་འཁོས་དམན་སོན་ལུད་འབུ་སྨན་སོགས་ཀྱི་མཐུན་རྐྱེན་(Central Bank) ནས་མཉམ་ཚོང་མིང་ཐོག་བུན་གཡར་དང་བཅས་ས་ཞིང་འདེབས་རྨོས་ཐོན་སྐྱེད་གང་ལེགས་བྱུང་བ་སོགས་དོན་གཅོད་ཀྱི་ཞུ་སྒོ་ཁྱི་ཉལ་མཇུག་ལུས་སུ་མ་སོང་བ་གནང་འདུག
ཕྱི་ལོ་ ༡༩༦༩ ལོ་མཇུག་ཏུ་རང་གཞུང་ལས་བྱེད་སྒྲིག་གཞི་གསར་བཟོ་བསྐྱང་རྒྱུའི་འགན་འཁུར་བ་ཞིག་དགོས་པ་ཁོང་རང་ལ་བསྐོ་བཞག་སྩལ་བ་ཡིན་ན་བཞུགས་སྒར་དུ་བཅར་དགོས་ཕེབས་བཞིན། སིམ་ལར་ཟླ་གཅིག་རིང་རྒྱ་གར་གཞུང་གི་སྒྲིག་གཞིར་རྩ་འཛིན་གྱིས་རང་རེའི་སྒྲིག་གཞི་ཕྱོགས་སྒྲིག་ཞུ་དགོས་བཀའ་མངགས་ལྟར་བསྐྱོད་དེ་འབྲེལ་ཡོད་ལས་ཁུངས་ཁག་ནས་སློབ་སྟོན་ཞུས་ཀྱང་། ད་ལྟའི་བོད་གཞུང་གི་གཞི་རྒྱར་འཚམས་པའི་དཔེ་ལྟ་བྱ་ཡུལ་དཀའ་གཤིས། རྒྱ་གར་དབུས་ས་རྫོང་གསུམ་གྱི་སྒྲིག་གཞི་ནས་ཕྱོགས་བསྡུས་ཀྱིས་རང་གཞུང་ལས་བྱེད་སྒྲིག་གཞི་དེབ་བཀོད་ཐོག་མ་དེ་བཟོ་སྒྲིག་ཞུས་པ་དང་ཆབས་ཅིག་བཀའ་དྲུང་ལས་ཚབ་ཀྱང་གནང་།
ཕྱི་ལོ་ ༡༩༧༡ ལོར་བཀའ་དྲུང་གི་ལས་འགན་བསྐོ་བཞག་བསྐྱངས་པའི་བགོ་བསྐལ་ལས་རྒྱུན་ལོ་དགུའི་རིང་ཚོགས་དྲུང་དང་། ལས་བྱེད་བདག་གཉེར་གྱི་ཚོགས་མི་སྔ་རྗེས་གཅིག་ལྕོགས་ཞུས།
དེ་རྗེས་སྐུ་ཡིག་དྲུང་ཆེ་ལས་རོགས་སུ་བསྐོ་བཞག་བསྩལ་ཏེ་ལས་རྒྱུན་ལོ་གསུམ་གནང་རིང་དགའ་གདོང་གྲྭ་ཚང་སླར་གསོའི་ལས་འགན་བཞེས་ཤིང་། ཕྱི་ལོ་ ༡༩༨༣ ནས་སྐུ་བསྟེན་རྗེས་འབྲེལ་ལོ་གཉིས་མཚམས་དང་། དེ་རྗེས་གྲྭ་ཚང་གསར་བཞེངས་རྟེན་དང་བརྟེན་པ་བཅས་མཇུག་གཙང་ཟིན་ཏེ། ཕྱི་ལོ་ ༡༩༨༦ ལོར་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་ཞབས་འཁོད་བཀྲ་ཤིས་སྤྱི་སྨིན་གྱིས་གྲྭ་ཚང་དབུ་འབྱེད་བསྐྱངས་པ་ནས་བཟུང་དགེ་གཞོན་འཛུལ་ཞུགས་ཕྱི་ཐོན་བཅས་ད་བར་ཁྱོན་དགེ་འདུན་གྲངས་བརྒྱད་ཅུ་སྐོར་ལ་མཆོད་རྒྱུན་མཐུན་རྐྱེན་རང་འཚོའི་ཐོག་ནས་བསྟན་དོན་ཞབས་འདེགས་འགན་འཁུར་གནང་བཞིན་པ་བཅས་དགའ་གདོང་སྐུ་བསྟེན་བསྟན་འཛིན་དབང་གྲགས་མཆོག་གི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ།།

ཚོགས་དྲུང་ཟུར་པ་ཟླ་བ་ཚང་ཡེ་ཤེས་འགྱུར་མེད་ལགས།
ཕྱི་ལོ་ ༡༩༦༦།༠༨།༣༡ ནས་ ༡༩༦༨།༠༨།༠༣ བར་ཚོགས་དྲུང་།
༄༅།། ཟླ་བ་ཚང་ཡེ་ཤེས་འགྱུར་མེད་ལགས་ནི་བྲག་གཡབ་ཟླ་བ་ཚང་དུ་ཕ་བསྟན་འཛིན་འགྱུར་མེད་དང་མ་ཚེ་གཡང་སྒྲོལ་དཀར་གཉིས་ཀྱི་བུ་རུ་ཕྱི་ལོ་ ༡༩༣༩ ལོར་འཁྲུངས། བོད་ནང་འཚོ་ཐབས་ཞིང་པ་དང་། ར་སྟོད་དགོན་དུ་ལོ་གསུམ་གྱི་རིང་མཚན་ཉིད་སློབ་སྦྱོང་གནང་།
རྒྱ་གར་ནང་། ཕྱི་ལོ་ ༡༩༦༡།༡༠།༡ ནས་ལས་བྱེད་སློབ་སྦྱོང་སྐབས་དང་པོ་འགོ་ཚུགས་པ་དང་། ཕྱི་ལོ་ ༡༩༦༢།༨།༧ ནས་དྲིལ་བསྒྲགས་ཡིག་འབྲིའི་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༣།༣།༡༡ ནས་དྲིལ་བསྒྲགས་དྲུང་གཞོན་གནང་། ཕྱི་ལོ་ ༡༩༦༤།༤།༣༠ ནས་ཕྱི་སྲིད་དྲུང་གཞོན་གནང་། ཕྱི་ལོ་ ༡༩༦༦།༨།༣༡ ནས་ཕྱི་སྲིད་དྲུང་གཞོན་ཐོག་ཚོགས་དྲུང་ལས་ཚབ་གནང་། ཕྱི་ལོ་ ༡༩༦༨།༨།༣ ནས་ཚོགས་དྲུང་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༦༩།༦།༢ ནས་ནང་སྲིད་དྲུང་གཞོན་གནང་། ཕྱི་ལོ་ ༡༩༧༡།༩།༢༢ ནས་ནང་སྲིད་དྲུང་ཆེ་གནང་། ཕྱི་ལོ་ ༡༩༧༢།༡༠ ནས་གནས་སྐབས་ནང་སྲིད་དྲུང་ཆེ་ལས་རོགས་སོགས་ཀྱི་ཕྱག་ལས་གནང་མྱོང་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།

ཚོགས་དྲུང་ཟུར་པ་ཐུབ་བསྟན་ཟླ་བ་ལགས།

༄༅།། ཐུབ་བསྟན་ཟླ་བ་ལགས་ནི་ཕྱི་ལོ་ ༡༩༣༠ ཐམ་པ་ལོར་ལྷ་སར་འཁྲུངས། ཕ་མིང་ལ་འཛམ་དཀར་ཞུ་བ་དང་། སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་ལོ་ངོ་ ༡༨ རིང་སློབ་གཉེར་གནང་། ༸སྐུའི་ཡོངས་འཛིན་སྐུ་བགྲེས་མཆོག་གི་ཞབས་ཞུ་ལོ་དྲུག་དང་། སེར་བྱེས་གྲྭ་ཚང་གི་དྲུང་ཡིག རྒྱ་གར་དུ་འབྱོར་རྗེས་ཌ་ལ་ཧོ་སེར་ཁང་ཁུངས་ཀྱི་བརྒྱ་དཔོན་དང་། ཡིག་ཞིབ། དེ་རྗེས་དང་བླངས་སློབ་ཕྲུག་ ༣༧ སྐོར་གྱི་བོད་དགེ ཕྱི་ལོ་ ༡༩༦༡ ལོར་གཞུང་ཞབས་ཁོངས་འཛུལ་ཞུགས་ཀྱིས་ལ་དྭགས་ཁུལ་གྱི་བོད་མིའི་འགོ་འདོམས་དང་། རང་གཞུང་ཆོས་དོན་ལྷན་ཁང་གི་དྲུང་གཞོན། བདེ་སྲུང་ཁོངས་ས་ཁང་དོ་དམ་པའི་འགན་འཁུར། དབུས་སྨན་རྩིས་ཁང་གི་འགན་འཛིན་ལས་ཚབ། ཕྱི་ལོ་ ༡༩༦༧ ལོར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་བཅས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོར་འདས་གྲོངས་སུ་གྱུར་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།

ཚོགས་དྲུང་ཟུར་པ་སྣར་སྐྱིད་ངག་དབང་དོན་འགྲུབ་ལགས།
ཕྱི་ལོ་ ༡༩༦༠།༠༩།༠༢ ནས་ ༡༩༦༢ བར་ཚོགས་དྲུང་།
༄༅།། སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ནི་ ༡༩༣༡ ཟླ་བ་ ༩ ཚེས་ ༦ ཉིན་བོད་དབུས་དྭགས་པོར་འཁྲུངས། ཆུང་དུས་བོད་ཡིག་དང་བོད་ཀྱི་རིག་གནས་སློབ་སྦྱོང་གནང་ཞིང་། ༡༩༤༢ ལོར་རྩེ་སློབ་གྲྭར་འཛུལ་ཞུགས་གནང་ཐོག ཕྱི་ལོ་ ༡༩༤༨ ལོར་རྩེ་དྲུང་སློབ་སྦྱོང་ཐོན། ཕྱི་ལོ ༡༩༤༧ ལོར་གཞུང་ཞབས་བསྐོ་བསྩལ་གྱིས་ཐོག་མར་རྩེ་ཡིག་ཚང་ལས་ཁུངས་ཀྱི་ལས་བྱ་དང་། དེ་རྗེས་ ༡༩༥༢ ལོར་རྒྱ་སྐད་སློབ་སྦྱོང་གནང་སླད་རྒྱ་ནག་ཏུ་ཕེབས་ཏེ་པེ་ཅིང་མི་རིགས་སློབ་གྲྭར་བཞུགས། སྐབས་དེར་པེ་ཅིང་མི་རིགས་སློབ་གྲྭར་བོད་ཀྱི་རིག་གནས་དགེ་རྒན་ཡང་གནང་། ཕྱི་ལོ་ ༡༩༥༧ ལོར་བོད་དུ་ཕྱིར་ལོག་གིས་ལྷ་སར་ལེགས་བཅོས་ཚོགས་ཆུང་གི་ཚོགས་མི་གནང་། ཕྱི་ལོ་ ༡༩༥༨ ལོར་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གནང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་རྒྱ་དམར་ནས་བཙན་འཛུལ་བྱས་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་བཙན་བྱོལ་བོད་གཞུང་གི་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༠ ལོར་རྒྱུན་ལས་ཚོགས་དྲུང་དང་། དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེ་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༦༣ ནས་ ༡༩༦༥ བར་རྡ་ས་བོད་ཀྱི་ཤེས་རིག་ཟློས་གར་ཚོགས་པའི་འགན་འཛིན་ལས་རོགས་གནང་། ཕྱི་ལོ་ ༡༩༧༥ ནས་ ༡༩༧༨ བར་ཉི་འོང་དང་ཨ་རི་སོགས་རྒྱལ་ཁབ་ཁ་ཤས་ལ་ཆིབས་བསྒྱུར་གྱིས་ཕྱི་རྒྱལ་མཐོ་སློབ་ཁག་ཁ་ཤས་ནང་བོད་ཡིག་དགེ་རྒན་གནང་། ༡༩༧༡ ནས་ ༡༩༧༨ བར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༩ ལོར་ཕྱི་རྒྱལ་དུ་ཕེབས་ཏེ་ཨ་རི་མཐོ་སློབ་ཁག་ཁ་ཤས་ནང་བོད་ཡིག་དགེ་རྒན་གནང་། ཕྱི་ལོ་ ༡༩༨༣ ལོར་རྒྱ་གར་དུ་ཕྱིར་ལོག་གནང་ཐོག་སྐུ་སྒེར་ཡིག་ཚང་ནང་ཕྱག་ལས་གནང་བ་དང་དེ་བཞིན་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་གྲས་སུའང་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།བཅའ་ཁྲིམས་དོན་ཚན་ ༦༡ དགོངས་དོན་ལྟར། སྤྱི་འཐུས་ལྷན་ཚོགས་ལ་གཏན་འཇགས་ཚོགས་དྲུང་ལས་ཁུངས་ཤིག་དགོས་པའི་སྤྱི་ཁྱབ་དྲུང་ཆེ་གཅིག་དང༌། ལས་བྱེད་ཇི་དགོས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པས་བཀའ་ཤག་དང་གོ་བསྡུར་གྱིས་ལས་བྱེད་སྒྲིག་སྲོལ་ལྟར་བསྐོ་གཞག་བྱ་རྒྱུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི༌དོན་ཚན་ལྔ་པའི་ནང་ཚོགས་དྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འགན་དབང༌སྐོར་བཀོད་པ་གཤམ་གསལ།༡། སྤྱི་འཐུས་ལྷན་ཚོགས་ཀྱི་འཆར་འཕར་གྱི་ཚོགས་འདུ་ཡོངས་ལ་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་འཁོད་པའི་ཚོགས་སྐོང་བརྡ་ཁྱབ་གཏོང་རྒྱུ་དང༌། ཚོགས་འདུ་སོ་སོའི་གྲོལ་བརྡ་གཏོང་རྒྱུ།༢། སྤྱི་འཐུས་ཚོགས་འདུ་ནམ་ཚོགས་ལ་ཚོགས་འདུའི་ཡིག་ཆ་ཁག་གོ་སྒྲིག་དང་པར་འདེབས་ཀྱིས་སྤྱི་འཐུས་སོ་སོར་དུས་ཐོག་འགྲེམས་སྤེལ་ཞུ་རྒྱུ།༣། ཚོགས་གཙོ་ཚོགས་གཞོན་དང་ལས་རིམ་ཚོགས་ཆུང་བཅས་ཀྱི་གཟིགས་སྐྱོང་འོག་ལས་རིམ་གཏན་འབེབས་དང་གསལ་བསྒྲགས་དུས་ཐོག་ཞུ་རྒྱུ།༤། གྲོས་ཚོགས་ཀྱི་དྲི་བ་ཁག་དུས་ཐོག་བཀའ་དྲུང་ཡིག་ཚང་ངམ་འབྲེལ་ཡོད་བཀའ་བློན་ལ་འབུལ་གཏོང་དང་བཀའ་ལན་དུས་ཐོག་འབྱོར་མིན་རྟོག་ཞིབ་བྱ་རྒྱུ།

༥། གྲོས་ཚོགས་ཀྱི་ལས་རིམ་ཡོངས་རྫོགས་སྒྲ་འཛིན་འཁོར་ལོར་འཇུག་རྒྱུ་དང༌། དེ་དག་རིམ་པས་ཡིག་ཐོག་ཏུ་ཕབ་བསྒྱུར་གྱིས་ཞུ་དག་དང་བདག་གཉེར་བྱ་རྒྱུ།

༦། ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཡིག་ཆ་ཁག་བདག་གཉེར་དང༌། ལྷག་པར་༧གོང་ས་ཆེན་པོའི་བཀའ་འཁྲོལ་ཞུས་བསྩལ་གྱི་ཁྲིམས་ཡིག་དང་སྒྲིག་གཞི་གྲོས་ཆོད་བཅས་ཀྱི་རྩ་འཛིན་ཡིག་ཆ་ངོ་མ་རྣམས་གཞུང་ཁྲ་དཀར་ཆག་དང་བཅས་བདག་གཉེར་བྱ་རྒྱུ།

༧། ཁྲིམས་ཡིག་དང་སྒྲིག་གཞི་པར་སྐྲུན་བྱ་སྐབས་ནོར་འཁྲུལ་མི་ཡོང་ཆེད་ཞུ་དག་དང༌། དག་མཆན་སྤྲོད་རྒྱུ།

༨། ཚོགས་ཆེན་སྐབས་ཟུར་ཉན་དང་གསར་འགོད་པ་རྣམས་ཚོགས་ཉན་དུ་གཏོང་རྒྱུར་སྟངས་འཛིན་བྱ་རྒྱུ།

༩། ཚོགས་ཆེན་སྐབས་གྲོས་ཚོགས་གསར་ཤོག་འདོན་སྤེལ་ཚད་ལྡན་ཡོང་བའི་གོ་སྒྲིག་བྱ་རྒྱུ།
༡༠། ཚོགས་ཆེན་སོ་སོའི་སྐབས་ཕྱོགས་ཕེབས་སྤྱི་འཐུས་རྣམས་ཀྱི་བཞུགས་ཡུལ་སྒྲ་སྒྲིག་གནང་དགོས་ལ་ལྟ་རྟོག་དང་སྣེ་ཤན་བྱ་རྒྱུ།

༡༡། རྒྱུན་ལས་དང་སྤྱི་འཐུས་ཚོགས་ཆུང་ཁག་གི་ཚོགས་འདུའི་གོ་སྒྲིག་དང་ཡིག་ཆ་བདག་གཉེར་བཅས་འཚེམས་མེད་བྱ་རྒྱུ།

༡༢། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱ་ཕྱོགས་ཀྱི་སྒྲིག་གཞི་ཁག་གསར་སྒྲིག་དང་བསྐྱར་བཅོས་དགོས་རིགས་སྐབས་མཚམས་སོ་སོར་ཟིན་བྲིས་འགོད་སྒྲིག་བྱ་རྒྱུ་དང༌། ཚོགས་གཙོ་གཉིས་ལ་ཚོགས་འདུའི་འགྲོ་ལུགས་སྐོར་གསལ་འདེབས་དང་མཐུན་འགྱུར་བྱ་རྒྱུ།

༣། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་མ་ལག་དང་ལས་ཁུངས་ཁག དེ་དག་ཏུ་ཡོད་པའི་འཛིན་ཆས་དང་ཡོ་བྱད་རྣམས་ཀྱི་མཁོ་སྒྲུབ་དང་བདག་གཉེར་ཉམས་གསོ་བཅས་ལ་ལྟ་རྟོག་བཀོད་འདོམས་བྱ་རྒྱུ།

༡༤། རྒྱུན་དུ་ཚོགས་དྲུང་ལས་ཁུངས་སུ་ཡིག་འགྲུལ་དང༌། དངུལ་རྩིས། ཕྱི་མིར་འབྲེལ་གཏུགས་བྱ་རྒྱུ་བཅས་ལས་ཁུངས་ཀྱི་ལས་དོན་ཡོངས་རྫོགས་ལ་ལྟ་རྟོག་འགོ་འདོམས་བྱ་རྒྱུ།

༡༥། སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་འཁོར་སྔོན་རྩིས་དང་རྩིས་ཞིབ་སྙན་ཞུ་བཅས་དུས་ཐོག་ཏུ་འགོད་འབུལ་བྱ་རྒྱུ།

༔༡༦། གཞན་ཡང་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ཀྱི་ལས་རིམ་དང་འབྲེལ་བའི་བྱེད་སྒོ་ཆེ་ཕྲ་དང༌། ཚོགས་གཙོ་རྣམ་གཉིས་ཀྱིས་དུས་ནས་དུས་སུ་བཀོད་བྱུས་ཇི་གནང་གི་ལས་དོན་ཁག་བསྒྲུབ་རྒྱུ་བཅས་ཀྱི་འགན་དབང་ཡོད་པ་ཡིན།