
༄༅། དེ་རིང་ང་ཚོ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༠ ནས་ཚེས་ ༡༨ བར་དུ་ལས་ཉིན་བརྒྱད་བསྐྱངས་ཡོད་རེད། ལས་ཉིན་བརྒྱད་བསྐྱངས་པ་དེ་ཚོ་ཐོག་མར་ཚོགས་གཙོ་གཉིས་ཀྱིས་ལས་རིམ་བསྒྲིགས་པ་གཞིར་བཟུང་རེད། ཚོགས་གཙོའི་དབུ་འཛུགས་ཀྱི་གཏམ་བཤད་ནང་ལ་ཞུས་པ་གཞིར་བཟུང་དེ་རིང་ང་ཚོའི་ལས་དོན་ཆ་ཚང་ཡོངས་སུ་ལེགས་གྲུབ་ཐུབ་པ་བྱུང་སོང་ཞེས་སྙན་སེང་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་ང་ཚོའི་ལས་རིམ་ནང་ནས་གལ་ཆེ་བ་ཁག་ཅིག་སྙན་སེང་ཞུས་པ་ཡིན་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་འབྲེལ་བའི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་དམིགས་བསལ་གྲོས་ཆོད་དོན་ཚན་ ༥ ཅན་ཞིག་བཞག་ཡོད་རེད། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༧ དང་། དེ་ནང་བཞིན་ང་རང་ཚོའི་མཛད་གཙོ་ཟུར་པ་བཀའ་ཟུར་རྣམ་པ་གཉིས། སྤྱི་འཐུས་ཟུར་པ་གཅིག་བཅས་ལ་ང་ཚོས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གསུམ་གཏན་འབེབས་བྱས་པ་རེད། དེ་ག་ནང་བཞིན་ཁྲིམས་བཟོའི་ལས་དོན་ལྟར་བྱས་པ་ཡིན་ན། བཅའ་ཁྲིམས་གཙོས་པའི་ཁྲིམས་བཟོའི་ལས་དོན་ཁག་དྲུག་ཙམ་གཏན་འབེབས་བྱུང་ཐུབ་སོང་། དེ་ནས་སྐར་རྟགས་ཅན་གྱི་དྲི་བ་བཞི་རེད།
དེ་ནས་ང་ཚོའི་ལས་ཉིན་མང་ཆེ་བ་དེ་དབུས་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༢༤ ཟླ་ ༤ ནས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣༡ བར་གྱི་ལས་བསྡོམས་རྒྱས་པ་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་གཟིགས་ཞིབ་གནང་ནས་དྲི་བ་ཕེབས་པ་དང་། ལས་བསྡོམས་བསྡུས་པ་དེ་ལྷན་ཁང་སོ་སོ་ནས་གྲོས་ཚོགས་ནང་ལ་ཐད་ཀར་སྙན་སྒྲོན་ཞུས་ནས་དེའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་དགོངས་ཚུལ་དང་དོགས་འདྲི་ཕེབས་རྒྱུ་རེད། དེ་ག་ནང་བཞིན་གྱི་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པ་ཚོས་སོ་སོའི་ལས་བསྡོམས་ཐོག་ལ་གསལ་བཤད་གནང་བ་དང་། དེ་ག་ནང་བཞིན་ལས་འཆར་ཐོག་ལ་དམིགས་བསལ་གྱི་ཕུགས་དམིགས་ག་རེ་ཡོད་མེད་དེ་ཚོའི་ཐོག་ལ་དམིགས་བསལ་འགྲེལ་བཤད་གནང་རྒྱུ། དེའི་ཐོག་ནས་སྤྱི་ཡོངས་ཀྱི་ཚོགས་གཙོས་བལྟས་པ་ཡིན་ན་དེ་རིང་ང་ཚོའི་ལས་རིམ། དེའི་ནང་ནས་ལས་བསྡོམས་དང་འབྲེལ་བའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་དགོངས་ཚུལ་མང་པོ་ཞིག་ཕེབས་སོང་། དེ་བཞིན་ང་ཚོའི་ལྷན་ཁང་ཁག་བདུན་རེད། གཙོ་བོ་བཀའ་བློན་རྣམ་པས་དབུ་འཁྲིད་ནས་གནང་གི་ཡོད་རེད་དེ། འོག་ལ་ཡོད་པའི་དབུས་སའི་གཞུང་ཞབས་ཚང་མས་འགན་འཁུར་བཞེས་པའི་ཐོག་ནས་ཕྱག་ལས་ཡག་པོ་ཞེ་པོ་ཞིག་གནང་ཡོད་པའི་ཚོར་སྣང་བྱུང་། དེར་བརྟེན་མ་འོངས་པར་ང་ཚོས་ཕྱག་ལས་གནང་རྒྱུ་དེ་ཚོར་དེ་རིང་གྲོས་ཚོགས་བརྒྱུད་ནས་བགྲོ་གླེང་བྱུང་པ་རེད། དེ་བཞིན་བཀའ་བློན་སོ་སོ་ནས་ལན་འདེབས་གསལ་བཤད་དེ་ཚོའི་ཐོག་ནས་མ་འོངས་པའི་ལས་དོན་དེ་ཚོ་ཚགས་ཚུད་པོ་ཡོང་བར་ཏན་ཏན་ང་ཚོར་ཐུགས་ཕན་གསོས་སོང་བསམ་པའི་ཚོར་སྣང་དེ་བྱུང་།

དེ་ག་ནང་བཞིན་ང་ཚོར་གལ་ཆེ་བ་གཅིག་དེ་གཙོ་བོ་ང་ཚོའི་བོད་ཀྱི་སྐད་ཡིག་རེད། དེ་བཞིན་རིག་གཞུང་རེད། སྤྱི་ཚོགས་ཀྱི་འཕྲོད་བསྟེན་རེད། དེ་བཞིན་ཆབ་སྲིད་ཀྱི་དྲིལ་བསྒྲགས་རེད། དེ་ག་ནང་བཞིན་ང་ཚོའི་དཔལ་འབྱོར་འདུ་འགོད་བྱ་རྒྱུས་མཚོན་པའི་ལྷན་ཁང་ཁག་དེ་དག་ང་ཚོར་གལ་ཆེ་ཤོས་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ནང་བཞིན་ང་ཚོའི་འདས་པའི་ལོ་གཅིག་གི་ལས་དོན་དེ་དག་དེ་རིང་ང་ཚོ་འདིར་སྙན་སེང་བྱུང་བ་རེད། མ་འོངས་པའི་ལོ་གཅིག་དེ་ད་ལྟ་ང་ཚོ་འགྲོ་བཞིན་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་ཚོའི་ཐོག་ལ་བལྟས་པ་ཡིན་ནའང་ལས་འཆར་དེ་དག་གང་ཡག་ཡག་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གཙོ་བོ་ང་ཚོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་གཞིར་བཟུང་རེད། ང་ཚོ་སྐྱབས་བཅོལ་བའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་བསྡད་ཡོད་རེད། གཙོ་བོ་བོད་དོན་བདེན་མཐའ་གསལ་རྒྱུ་དང་། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ཐོག་ལ་ཕྱག་ལས་གནང་རྒྱུ། གནས་སྐབས་སུ་གཞིས་ལུས་བོད་མི་དེ་དག་གི་དཀའ་ངལ་སེལ་ཐུབ་རྒྱུར་ང་ཚོས་དུས་རྒྱུན་དུ་ནས་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་རྩ་བའི་དེ་ཚོའི་ཐོག་ལ་བཤད་ཡོང་དུས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་ཡང་འབྲེལ་བ་ཆགས་ཀྱི་ཡོད་རེད། ལྷག་པར་དུ་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་ཡང་འབྲེལ་བ་ཆགས་ཀྱི་ཡོད་རེད། དེ་བཞིན་བོད་ཀྱི་གནས་སྟངས་ལ་ཡང་འབྲེལ་བ་ཆགས་ཀྱི་ཡོད་རེད། དེ་ཚོ་ཚང་མར་ང་ཚོས་ཐུགས་ཞིབ་གནང་བའི་ཐོག་ནས་མ་འོངས་པར་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐུབ་རྒྱུར་ང་ཚོར་ཐབས་ལམ་ག་རེ་འདུག དེའི་ཐོག་ལ་ནུས་པ་གང་འདྲ་འདོན་དགོས་ཀྱི་འདུག དེ་ཚོའི་ཐོག་ལ་ང་ཚོས་དགོངས་པ་བཞེས་ནས་གོམ་པ་མདུན་སྤོས་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ང་ཚོའི་སྤྱི་ཚོགས་བདེ་དོན་འཕྲོད་བསྟེན་དེ་ཚོའི་གྲས་གལ་ཆེན་པོ་རེད་དེ། དེ་ཚོ་ལ་ང་ཚོས་གུན་གསབ་སྤྲོད་རྒྱུ་དང་གནས་སྟངས་མང་པོ་ཞིག་གི་ཐོག་ནས་རོགས་ཕན་བྱ་རྒྱུ་ཡོང་གི་ཡོད་རེད། ཆབ་སྲིད་ཀྱི་དཀའ་ངལ་སེལ་རྒྱུ་དེ་ཕྱོགས་གཅིག་ནས་ང་ཚོས་གོ་སྐབས་འཛིན་དགོས་པ་རེད་དེ། ཕྱོགས་གཞན་ཞིག་ནས་གོ་སྐབས་ཡོང་རྒྱུར་ང་རང་ཚོའི་ནུས་པ་བཏོན་ནས་འབད་བརྩོན་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་གཙོ་བོ་འཛིན་སྐྱོང་བཀའ་ཤག་གིས་འགན་འཁུར་གྱི་ཡོད་རེད།
དེ་དང་མཉམ་དུ་སྤྱི་འཐུས་ལྷན་ཚོགས་ནས་ཡང་འགན་ཁུར་བཞེས་པའི་ཐོག་ནས་མ་འོངས་པར་ང་ཚོའི་བོད་དོན་བདེན་མཐའ་གསལ་ཐུབ་རྒྱུ་རེད། དེ་ཚོའི་ཐོག་ལ་གཙོ་བོ་འགན་ཁུར་ཆེན་པོ་བཞེས་དགོས་པ་དེ་གལ་ཆེན་པོ་གཅིག་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་ལོ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་༸སྐུ་ཡི་གོ་སྟོན། དམིགས་བསལ་གྱི་ལོ་ཚིགས་ཤིག་ཆགས་བསྡད་ཀྱི་ཡོད་རེད། དེ་ལ་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་བྱམས་བརྩེའི་ལོ་ཞེས་དམིགས་བསལ་གྱིས་ལོ་ཧྲིལ་པོ་སྲུང་བརྩི་བྱེད་པའི་ལས་འཆར་ཞིག་བཏིང་ཡོད་རེད། དེ་ཡིན་དུས། སྤྱི་ཡོངས་ཀྱི་ང་ཚོའི་སྤྱི་ཚོགས་ལ་མཚོན་པ་ཡིན་ན་ནང་པ་ཆགས་བསྡད་ཀྱི་ཡོད་རེད། རིག་གཞུང་གི་ཐོག་ནས་བསམ་བློ་བཏང་ན་བྱམས་བརྩེ་ཡོད་པའི་སྤྱི་ཚོགས་ཤིག་ཆགས་བསྡད་ཀྱི་ཡོད་རེད། ཡིན་ནའང་ང་ཚོས་དེ་ཡར་གོང་འཕེལ་ཡོང་བ་དང་སྤྱི་ཚོགས་གཞན་ལ་ཡང་ཕན་ཐོགས་པ། དེ་ནས་ང་རང་ཚོའི་བཟང་སྤྱོད་རེད། དེ་ག་ནང་བཞིན་དེ་དང་འབྲེལ་བའི་རིག་གཞུང་ཁག་རེད། དེ་ག་ནང་བཞིན་ང་རང་ཚོའི་སྐད་ཡིག་རེད། དེ་ཚོ་ཉམས་ཆག་མ་འགྲོ་བ་ཞིག་དང་། ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་ཡོང་ཐབས་སུ་དམིགས་བསལ་གྱིས་ལས་ཀ་ག་རེ་བྱེད་རྒྱུ་འདུག དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་གཅིག་མཐོང་གི་ཡོད།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་རླབས་ཆེན་མང་པོ་ཞེ་པོ་ཞིག་ཡོད་རེད། རྒྱལ་སྤྱིའི་ནང་ལ་ཞི་བདེ་དང་འཚེ་བ་མེད་པའི་ཐོག་ནས་བྱམས་བརྩེའི་སྤྱི་ཚོགས་ཤིག་ཡོང་ཐབས་སུ་འབད་བརྩོན་ཞེ་པོ་གནང་གི་ཡོད་རེད། དེ་ག་ནང་བཞིན་ང་རང་ཚོའི་ངོས་ནས་ཀྱང་༸སྐྱབས་མགོན་རིན་པོ་ཆེ་ཡི་དགོངས་གཞི་དེ་ཚོ་དྲིལ་བསྒྲགས་གནང་ཐུབ་དགོས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཟེར་ཡོང་དུས། ད་ལྟའི་བར་དུ་དམིགས་བསལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བསྡད་ཀྱི་ཡོད་རེད། མ་འོངས་པར་ང་ཚོས་དེ་མ་བརླག་པའི་ཆེད་དུ་ང་རང་ཚོའི་མི་རབས་འདིའི་ཐོག་ནས་འགན་ཁུར་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་མཐོང་གི་ཡོད། ང་ཚོའི་མི་རབས་འདིའི་ཐོག་ནས་འཐུས་ཤོར་ཕྱིན་པ་ཡིན་ན་མི་རབས་རྗེས་མར་རྩིས་སྤྲོད་རྒྱུ་ཁག་པོ་ཞེ་པོ་ཞིག་ཡོད་རེད། མི་རབས་རྗེས་མ་དེ་ཚོས་ག་ཚོད་ཅིག་ཡོང་གི་ཡོད་མེད་ང་ཚོར་དོགས་པའི་གཞི་ལྟ་བུ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ང་ཚོ་མི་རབས་འདིའི་ཐོག་ནས་ཚད་དང་ལྡན་པ་ཡག་པོ་ཞིག་ཡོང་ཐུབ་པ་ཡིན་ན། མི་རབས་རྗེས་མ་ཞེས་པ་དེ་རང་བཞིན་གྱིས་ལག་པའི་མཐིལ་ལ་སླེབས་ཡོང་བ་དེ་རང་བཞིན་གྱི་ཆོས་ཉིད་ལྟ་བུ་ཆགས་ཡོང་གི་ཡོད་རེད། དེ་ཡིན་དུས་ང་རང་ཚོའི་མི་རབས་འདིའི་ཐོག་ནས་ཏོག་ཙམ་འགན་ཁུར་ཆེ་ཙམ་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ནང་ཁུལ་གྱི་མཐུན་ལམ་ཡིན་ནའང་རེད། དེ་ག་ནང་བཞིན་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་ཡིན་ནའང་རེད། རྒྱལ་སྤྱིའི་ཐོག་ལ་ཆབ་སྲིད་ཀྱི་ཞུ་གཏུགས་བྱེད་ཕྱོགས་ཡིན་ནའང་རེད། ང་རང་ཚོས་ནུས་པ་ཤུགས་ཆེ་རུ་གཏོང་ཐུབ་པ་ཡིན་ན་མ་འོངས་པའི་མི་རབས་དེ་ཚོས་ང་ཚོ་ལ་མིག་དཔེ་བལྟས་ནས་ཡག་ཏུ་འགྲོ་ཐུབ་རྒྱུར་ཏན་ཏན་མིག་དཔེ་བལྟ་སའི་གནས་སྟངས་ཤིག་ཆགས་ཀྱི་རེེད། དེར་བརྟེན་དེ་ཚོའི་ཐོག་ལ་ང་ཚོས་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག
ང་རང་ཚོ་བོད་སྤྱི་པའི་བསོད་ནམས་ཡིན་ནའང་ཡར་གོང་མཐོར་གཏོང་ཐུབ་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ འཁོར་བའི་རྗེས་ཙམ་ནས་ཡོངས་གྲགས་སུ་དགུང་ལོ་བརྒྱ་དང་སུམ་ཅུ་ལྷག་ཅིག་བཞུགས་པའི་ཞལ་བཞེས་གནང་ཡོད་རེད། མུ་མཐུད་ནས་ང་རང་ཚོའི་ཐོག་ནས་རྣམ་དཀར་གྱི་དགེ་ཚོགས་སྒྲུབ་ཐུབ་དགོས་པ། དེ་ནས་ཚེ་ཐར་སྲོག་བླུ་གཏོང་ཐུབ་དགོས་པ། སོ་སོའི་ངོས་ནས་ཡང་ཉིན་རེའི་ལས་དོན་ནང་ལྷག་བསམ་རྣམ་དག་གིས་ཕྱག་ལས་ཡག་པོ་ཞིག་གནང་ཐུབ་པ་ཡིན་ན་ཡང་དེ་༸སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་རིང་དུ་འགྲོ་བའི་རྒྱུ་ཆགས་ཀྱི་ཡོད་རེད་དཱ། དེ་ཚོའི་ཐོག་ལ་དུས་རྒྱུན་དུ་ནས་བསམ་བློ་འཁོར་བསྡད་ན་དེ་གལ་ཆེན་པོ་ཞེ་པོ་ཞིག་མཐོང་གི་ཡོད་རེད། ༸སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པ་དང་ཁོང་གི་མཛད་འཕྲིན་རྒྱས་བསྡད་པ་ཡིན་ན་ང་ཚོ་བོད་ཀྱི་ཆབ་སྲིད་རེད། བོད་ཀྱི་ཤེས་ཡོན་རིག་གཞུང་རེད། བོད་ཀྱི་ཆེ་མཐོང་དེ་རང་བཞིན་གྱིས་ངང་ངམ་ཤུགས་ཀྱིས་ཡོང་བསྡད་པ་ཞིག་ཆགས་བསྡད་ཀྱི་འདུག དེ་ཡིན་དུས། དེ་ཚོའི་ཐོག་ལ་ང་ཚོས་དུས་རྒྱུན་དུ་ནས་ང་ཚོ་འགན་ཁུར་མཁན་རྣམ་པ་ཡིན་ནའང་འདྲ། སྤྱི་ཚོགས་ཀྱི་ཐོག་ནས་ཡིན་ནའང་འདྲ། ཏོག་ཙམ་དགོངས་པ་ཆེ་ཙམ་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན། དེ་ནས་ང་ཚོའི་གྲོས་ཚོགས་འདིའི་ཐོག་ནས་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དེ་འོས་བསྡུ་བྱས་ཐུབ་ཡོད་རེད། དེ་ཡང་སྐུ་སྐྱེས་མ་གཉིས་བྱུང་ཡོད་རེད། མ་འོངས་པར་ལས་དོན་ལ་དངོས་སུ་ཞུགས་ཡོང་སྐབས་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། དེ་ནས་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་བསྐྱངས་པའི་སྐབས་སུ་ཚོགས་གཙོ་ལ་ཚོར་སྣང་ཁག་ཅིག་ཡོང་གི་འདུག དེ་གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་དགོངས་པ་བཞེས་དགོས་ཀྱི་འདུག གཙོ་བོ་དེ་ང་ཚོའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ལ་ཐུགས་སྣང་གནང་ནས། ཚང་མས་མཉམ་རུབ་ཀྱི་ནུས་པ་ཞིག་འདོན་ཡོང་ན་ཚང་མར་དཀའ་ངལ་འཕྲད་ཀྱི་ཡོད་མ་རེད། དེ་མ་ཡིན་པར་མི་རེ་རེ་ལ་བསམ་ཚུལ་རེ་རེ་དང་། སོ་སོས་དགོངས་ཚུལ་ཤུགས་ཆེ་ཙམ་བཏོན། ཐུན་མོང་གིས་འགྲོ་བསྡད་པ་དེ་ལ་བརྩི་བཀུར་མ་བྱས་ན་དེ་ཁག་པོ་ཞེ་པོ་ཆགས་ཀྱི་འདུག དེ་ཚོའི་གྲས་མ་འོངས་པར་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན། དཔེར་ན་གྲོས་ཚོགས་ནང་དུ་རྩོད་གླེང་བྱེད་པ། ཟུར་ཟ་བྱེད་པ། དམའ་འབེབས་བྱེད་པ་དེ་ཚོའི་ཚིག་སྦྱོར་དེ་རྩ་བ་ནས་ཡོང་ཆོག་གི་ཡོད་མ་རེད། དེ་ཡིན་དུས། མ་འོངས་པར་དེ་འདྲ་ཡོང་བསྡད་པ་ཡིན་ན་ཁག་པོ་ཞེ་པོ་ཞིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས། དེ་ཚོའི་གྲས་དེ་རྣམ་པ་ཚོས་སེམས་ལ་བཞག་པའི་ཐོག་ནས་དེ་འདྲ་ཞིག་དགོངས་པ་བཞེས་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་ནས་ང་རང་ཚོའི་མ་འོངས་པའི་བྱེད་འཆར་འདྲ་པོ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཕྱི་ཟླ་ ༩ པའི་ཚེས་ ༢ ལ་མང་གཙོའི་འཕེལ་རིམ་ངོ་སྤྲོད་ཅིག་ང་ཚོས་པར་རིས་ཀྱི་ཐོག་ནས་གཅིག་བཟོས་ཡོད་རེད། དེ་ཡིན་དུས། ང་ཚོས་ཁ་སང་དྷ་རམ་ས་ལར་མང་གཙོའི་དུས་དྲན་ནས་བཟུང་ཉིན་མ་གསུམ་རིང་ལ་སྐུ་པར་འགྲེམས་སྟོན་བྱས་ཡོད་རེད། དེའི་རྗེས་སུ་སིམ་ལ་དང་། དེ་ག་ནང་བཞིན་རྒྱ་གར་གྱི་མཐོ་སློབ་ཁག་ཅིག་ལ་འགྲེམས་སྟོན་བྱེད་ཐུབ་པའི་འཆར་གཞི་སྒྲིག་གི་ཡོད། དེ་ག་ནང་བཞིན་ང་ཚོས་ལྡི་ལིར་ལས་འཆར་གཉིས་འདྲ་པོ་ཞིག ༸རྒྱལ་བ་རིན་པོ་ཆེའི་གོ་སྟོན་དང་འབྲེལ་བའི་ཐོག་ནས་ཆོས་ལུགས་ཁག་འདུ་འཛོམས་ཀྱི་ཐོག་ནས་འཚེ་མེད་ཞི་བདེའི་མཆོད་འབུལ་སྨོན་ལམ་བྱེད་ཐུབ་པ་གཅིག་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཉམ་དུ་རྒྱ་གར་གྱི་གནད་ཡོད་མི་སྣ་གདན་ཞུ་བྱས་ཏེ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཛད་པ་འཕྲིན་ལས་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་དེ་འདྲ་གོ་སྒྲིག་ཅིག་བྱེད་ཐུབ་པའི་ལས་འཆར་འདིང་བཞིན་ཡོད་ཅེས་ཞུ་རྒྱུ་ཡིན།
དེ་རིང་གྲོས་ཚོགས་ཀྱི་ཐོག་ལ་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱིས་གྲོས་ཚོགས་ཐད་གཏོང་གནང་རྒྱུ་རེད། དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ནས་སྔ་དགོང་སྲུང་བྱ་རེད། ནང་སྲིད་ལས་ཁུངས་ཀྱི་ས་ཁང་གློག་གི་ལས་བྱེད་ཐོག་ནས་གློག་བཟོ་རྒྱུ་རེད། ལྷན་ཁང་ཁག་གི་ལས་བྱེད་ནས་ང་ཚོས་གསུང་བསྡད་པའི་གྲོས་ཚོགས་ཀྱི་ལས་རིམ་དེ་དག་ཡིག་འབེབས་གནང་རྒྱུ་རེད། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་གཙོས་པའི་འབྲེལ་ཡོད་ལས་བྱེད་ཚང་མས་ཤུགས་ཆེན་པོ་བྱས་ནས་འདིའི་ཐོག་ལ་ཡིག་ཆའི་མཐུན་འགྱུར་རེད། གྲོས་ཚོགས་ནང་གི་གནས་ཚུལ་དེ་ཚོ་ཕར་ཚུར་ཁུངས་སྤྲོད་གནང་རྒྱུ་རེད། དེ་ཚོ་ཚང་མར་མཐུན་འགྱུར་ཤུགས་ཆེན་པོ་གནང་ཡོད་རེད། དེ་ཡིན་དུས་འབྲེལ་ཡོད་ཚང་མར་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་གྲོས་ཚོགས་འདི་གྲོལ་བའི་རྗེས་ཟླ་བ་དྲུག་ལ་བསྐྱར་དུ་སྤྱི་པའི་ལས་དོན་ཐོག་ལ་མཉམ་ཞུགས་ཡོང་ཐུབ་རྒྱུར་རེ་སྨོན་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བ་དང་། གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་། ཞེས་གསུངས།