སྤྱི་འཐུས་ལྷན་ཚོགས་ཀྱི་འཕེལ་རིམ།

སྔོན་གླེང་།

བོད་འདིར་དབང་བསྒྱུར་བ་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱེད་པའི་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་སྲོལ་དར་མེད་པར་གྲགས་ནའང་། རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ལོ་ངོ་༢༡༣༧ ཡར་སྔོན་དུ་བོན་པོ་ཤེས་པ་ཅན་བཅུ་གཉིས་ཀྱིས་གཉའ་བར་བཏེག་སྟེ་རྒྱལ་ཁྲིར་མངའ་གསོལ་བའི་ལོ་རྒྱུས་ཡོད་ལ། ཉེ་རབས་ལོ་རྒྱུས་སུའང་ཞིང་འབྲོག་ས་ཁུལ་གྱི་སྡེ་ཤོག་ཚོ་ཤོག་གི་དཔོན་ཁག་དང་རྒན་པོ་རྣམས་འོས་བསྡུའི་ལམ་ནས་བསྐོ་གཞག་དང་འཕོ་འགྱུར་གཏོང་བའི་ལམ་སྲོལ་དེ་ཧ་ཅང་ཁྱབ་ཆེན་པོ་ཡོད་ཅིང་། དགོན་སྡེ་ཁག་ཏུ་འདུལ་བའི་དགོངས་དོན་ལྟར་ལས་སྣེ་རྣམས་འདེམས་བསྐོ་དང་ཆོས་ཀྱི་བྱ་བ་འགངས་ཆེན་ལ་མང་མོས་ཐག་གཅོད་བྱེད་པའང་ཡུན་རིང་གི་ལོ་རྒྱུས་ལྡན་ཡོད།ལྷག་པར་དུ་༸གོང་ས་༸རྒྱལ་དབང་བཅུ་གསུམ་པའི་སྐབས་སུ་བཙུགས་པའི་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ནི་འཛིན་སྐྱོང་དང་ཁྲིམས་བཟོའི་ནུས་པ་གཉིས་ཆ་ལྡན་པའི་སྒྲིག་འཛུགས་ཁྱད་པར་བ་ཞིག་ཡིན་ཞིང་། ཚོགས་འདུ་འདི་ནི་གཞུང་ཞབས་དང༌། ལྷ་སའི་མི་འཐུས། གདན་ས་གསུམ་དང་ལྷ་སའི་ཉེ་རྒྱུད་དགོན་སྡེ་ཁག་གི་མཁན་པོ་སོགས་ལས་གྲུབ་ཅིང་། ཕྱི་རྒྱལ་དང་ཆིངས་ཡིག་བསྣོལ་འཇོག་གམ་དམག་འཁྲུག ༸རྒྱལ་བའི་ཡང་སྲིད་ངོས་འཛིན། རྒྱལ་ཚབ་བསྐོ་བཞག་འཕོ་འགྱུར། རྒྱལ་ཚབ་དང་བཀའ་ཤག་གིས་ཐག་གཅོད་བྱེད་དཀའ་བའི་དོན་གནད་སོགས་རྒྱལ་དོན་འགངས་ཆེན་ཚང་མ་ཚོགས་འདུ་ནས་གྲོས་བསྡུར་གཏན་འབེབས་བྱེད་པ་ཡིན་སྟབས། དེང་སང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་མཚུངས་ཆོས་མང་དུ་ཡོད།ཡིན་ནའང་། རྒྱ་གུང་ཁྲན་གྱིས་༡༩༤༨ ནས་བཟུང་བོད་ཀྱི་ས་སྡེ་རིམ་ཟོས་ཀྱིས། ༡༩༥༡ ལོར་དྲག་དཔུང་གི་བཙན་ཤེད་འོག་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་ཏུ་བཅུག་པ་དང་། ཅང་མ་འགོར་བར་བཙན་འཛུལ་བའི་གདོང་རིས་དམར་རྗེན་དུ་བཏོན་ནས། བོད་མིར་དྲག་གནོན་གྱི་གདུབ་རྩུབ་སྲིད་ཇུས་བར་མ་ཆད་པར་སྤེལ་སྟབས། ༡༩༥༩ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གང་གི་ཕེབས་རྗེས་བསྙེགས་པའི་བོད་མི་ཁྲི་བརྒྱད་ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་ཡོད།

འཚོ་གནས་ཀྱི་དཀའ་ཚེགས་སྣེ་འཛིང་བའི་སྐྱབས་བཅོལ་བའི་ཁོར་ཡུག་དེ་ལྟ་བུའི་ནང་དུའང་། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བཞེད་སྔོན་ཡོད་ལྟར། བཙན་བྱོལ་བོད་མིའི་ཆབ་སྲིད་དམངས་གཙོ་ཅན་དུ་བསྒྱུར་རྒྱུར་ཐུགས་བརྩོན་ཡུད་ཙམ་ཡང་གཡེལ་མེད་ལ། དུས་ད་ལ་ཐུག་གི་བར་བཙན་བྱོལ་བོད་མིའི་དམངས་གཙོ་ལ་གྲུབ་འབྲས་གང་ཐོབ་ཐམས་ཅད་མགོན་པོ་གང་གིས་སྟེང་ནས་གཤམ་དུ་སྐུལ་འདེད་གནང་བ་ཞིག་ཡིན།

སྤྱི་འཐུས་ལྷན་ཚོགས་དབུ་འཛུགས།

ཕྱི་ལོ་༡༩༦༠ ཟླ་༢ ནང་(༡༩༥༩ བོད་ཟླ་༡༢ ཚེས་༧ ཉིན།)། བཙན་བྱོལ་བོད་མི་རྣམས་ཐེངས་དང་པོར་རྡོ་རྗེ་གདན་དུ་ཚོགས་འཛོམས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་སྐབས། ༸གོང་ས་མཆོག་གིས། “བོད་ནང་རང་རེ་སྔ་མའི་གནས་སྟངས་དེ་དག་དང་མ་འདྲ་བའི་ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོའི་གཞུང་ཞིག་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། མི་དམངས་ཀྱི་ཚབ་བྱེད་ཐུབ་མཁན་དང༌། རྒྱ་ཆེའི་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་བསྐོ་གཞག་བྱས་པའི་མི་དམངས་འཐུས་མིའི་ཚོགས་འདུ་ཞིག་དགོས་ཀྱི་རེད། ཁྱེད་རང་ཚོ་ཕར་ལོག་རྗེས་མང་ཚོགས་ཁྲོད་ནས་ཤེས་ཡོན་ཡོད་པ་དང༌། འཇོན་ཐང་ཡོད་པ། རྒྱལ་ཞེན་ལྷག་བསམ་ལྡན་པ། མང་ཚོགས་ཀྱིས་ཡིད་ཆེས་འཕེར་བའི་མི་འགྲོ་མིང་འདོན་བྱེད་དགོས། གནས་སྐབས་རིང་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང༌། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་འདེམས་དགོས་”ཞེས་བཀའ་སློབ་བསྩལ་དོན་ལྟར། རང་ཁུངས་སོ་སོ་ནས་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་འོས་འདེམས་ཞུས་ཏེ། ༡༩༦༠ ཟླ་༩ ཚེས་༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་ཞུས་པས། སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས། སྐབས་དེར་གཞུང་གི་སྲི་ཞུའི་ལས་བྱེད་ཕ་བུ་བརྒྱུད་འཛིན་བྱེད་པ་སོགས་ཀྱི་ལམ་སྲོལ་བསྒྱུར་བཅོས་ཀྱིས། ལས་ཁུངས་ཆེ་ཁག་ལྔ་དང་། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང་། འགན་འཛིན། དྲུང་ཆེ་ བཅས་བོད་མི་མང་སྤྱི་འཐུས་རྣམས་ནས་མང་མོས་འོས་བསྡུ་འཆར་ཕུལ་ཕྱིར་བསྩལ་ལྟར་མི་གྲངས་ཉི་ཤུ་རྩ་དགུ་གཞུང་ཞབས་སུ་བཀོད་སྒྲིག་གནང། བོད་མི་མང་སྤྱི་འཐུས་རྣམས་འཆར་ཅན་ཟླ་རེར་ལྷན་ཚོགས་ཐེངས་གཉིས་དང་། འཕར་ཚོགས་ཇི་དགོས་སྐབས་འཕྲལ་གནང་རྒྱུའི་གཏན་འབེབས་མཛད། ཚོགས་གཙོ་བགྲེས་གཞོན་འདེམས་བསྐོ་མ་དགོས་པར། ཚོགས་འདུའི་འགོ་འདོམས་སྤྱི་འཐུས་རེས་མོས་ཀྱིས་བྱེད་པ་ཡིན།

རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས།

ཕྱི་ལོ་༡༩༦༡ གསུམ་བཅུའི་དུས་དྲན་ཐེངས་གཉིས་པའི་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་། རྩ་ཁྲིམས་གསར་པའི་ཟིན་བྲིས་མང་ཚོགས་ལ་རྒྱ་ཁྱབ་བསམ་ཚུལ་བསྡུ་ལེན་ཆེད་འགྲེམས་སྤེལ་གནང་འཆར་ཡོད་སྐོར་བཀའ་སློབ་ཕེབས་པ་ལྟར། ལོ་དེའི་ཟླ ༡༠ ཚེས་༡༠ ཉིན་བོད་མི་ཡོངས་ལ་འགྲེམས་སྤེལ་བསྐྱངས་པར། བོད་མི་མང་སྤྱི་འཐུས་དང་། གཞུང་ཞབས་ལས་བྱེད་ཆེ་ཕྲ། བོད་མི་འདུས་སྡོད་ཡོངས་ནས་འཐུས་མི་ཆེད་གཉེར་བཅས་བོད་མི་མང་སྤྱི་མགྲིན་ནས། རྩ་ཁྲིམས་ཟིན་བྲིས་ནང་ཏཱ་ལའི་བླ་མའི་དབང་ཆ་འདོར་དགོས་པ་བྱུང་ན་རྩ་ཁྲིམས་དང་། ཚོགས་འདུའི་འགྲོ་ལུགས་དང་མཐུན་པར་ཐག་གཅོད་བྱེད་རྒྱུ་ཞེས་གསལ་བ་འདིར་བློ་མོས་ཞུ་ཐབས་རྩ་བ་ནས་མེད་ངེས་ཞེས་སོགས་ཀྱི་བསམ་ཚུལ་འབུལ་ལམ་ཞུས།ཕྱི་ལོ་༡༩༦༣ ཟླ ༣ ཚེས་༡༠ ཉིན། གསུམ་བཅུའི་དུས་དྲན་ཐེངས་བཞི་པའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཡོངས་བསྒྲགས་བསྐྱངས་པ་དང་འབྲེལ། བཀའ་སློབ་ཕེབས་དགོངས་སུ། “དེ་རིང་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ཞིག་འགྲེམས་སྤེལ་བྱས་ཡོད། རང་རེས་ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོ་ཞིག་བྱེད་པ་ལ་དམངས་གཙོ་ཞེས་པའི་གོ་དོན་ལེགས་པར་ཤེས་དགོས། དཔེར་ན། དམངས་ཞེས་པ་རིགས་རུས་དང་། སྟོབས་འབྱོར་གྱིས་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ལས་ངལ་རྩོལ་ལ་བརྟེན་ཞིང་། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི། དེ་དག་གཙོ་བོར་འཛིན་པའམ། དེ་རྣམས་དོན་གྱི་བདག་པོར་འཛིན་པའི་དོན་ཡིན། འོན་ཀྱང་ཡུལ་གྱི་བདག་པོར་གྱུར་ཏེ་ལས་འགན་འཁུར་བ་ལ་སློབ་སྦྱོང་ལེགས་པར་བྱས་ཏེ་རང་རང་ཡོན་ཏན་གྱི་གནས་ཚད་དང་། བསམ་བློའི་གོ་རྟོགས་ཇེ་ཆེར་གཏོང་དགོས་ཤིན་ཏུ་གལ་ཆེ། དེ་ལྟ་མིན་པར་དམངས་གཙོ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཅི་ཡང་མི་ཤེས་པར་གང་བྱུང་བྱས་ན་དཀའ་ངལ་དང་། གྲ་མ་འགྲིག་པ་མ་གཏོགས་ཡོང་རྒྱུ་མེད་”ཅེས་བཀའ་བསྩལ། ༡༩༦༣ ཟླ་ ༤ ཚེས་༤ ཉིན་བོད་མི་མང་སྤྱི་འཐུས་དང་བཅས་པའི་ལས་བྱེད་རྣམས་ནས་རྩ་ཁྲིམས་ཟིན་བྲིས་ལག་བསྟར་ཞུ་ཕྱོགས་གྲོས་བསྡུར་ཞུས་པར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གནས་སྐབས་དངོས་སུ་ཚུགས་ཐབས་མེད་པས། ད་ཡོད་ཆོས་ལུགས། ཆོལ་གསུམ་དང་བཅས་པའི་བོད་མི་དམངས་སྤྱི་འཐུས་ཀྱི་སྒྲིག་འཛུགས་འདིས་སྔ་འཕྲོས་རྒྱལ་ཡོངས་ཚོགས་ཆེན་དང་། རྒྱུན་ལས་གཅིག་འཐུས་ཀྱི་འཁུར་འགན་ལེན་རྒྱུ། འཐུས་མིའི་ཡུན་ཚད་ལོ་གསུམ་རེ་བྱ་རྒྱུ། ཚོགས་འདུ་གལ་ཆེའི་སྐབས་ཕྱོགས་མཐའི་སྡོད་སྒར་ཁག་གི་འཐུས་མི་བསྐོངས་འབྱོར་རྣམས་ནས་བསམ་འཆར་འདོན་རྒྱུ་དང་། འཆར་འཕར་ཚོགས་འདུ་ཁག་ལ་ལས་ཁུངས་ཆེ་ཕྲའི་འགོ་འཛིན་རྣམས་ནས་ལས་དོན་སྙན་སེང་དང་། བསམ་འཆར་ཞུ་བ་ལས། མཐའ་མའི་ཐག་གཅོད་བོད་མི་མང་སྤྱི་འཐུས་ནས་མང་མོས་གནང་རྒྱུའི་གྲོས་ཆོད་བཞག། སྐབས་དང་པོར་ཚོགས་གཙོ་བསྐོ་གཞག་མ་བྱས་པར། ཚོགས་འདུའི་གཙོ་སྐྱོང་བ་སྤྱི་འཐུས་རེས་མོས་ཀྱིས་གནང་སྲོལ་ཡོད་ཀྱང་། ༡༩༦༤ ལོར་སྐབས་གཉིས་པའི་སྤྱི་འཐུས་སུ་ཚོགས་གཙོ་བགྲེས་གཞོན་གཉིས་འདེམས་བསྐོ་གནང། སྐབས་གཉིས་པ་ནས་བཟུང་ཆོལ་ཁ་རེ་ནས་སྤྱི་འཐུས་བུད་མེད་རེ་འཕར་སྣོན་དང་། རྩ་ཁྲིམས་འབྲུ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྩོམ་རིག་དང་ཚན་རིག་གང་རུང་ལ་མཁས་པའི་མི་གཅིག་བསྐོ་བཞག་བསྩལ། སྤྱི་ལྷན་ནས་སྙན་སེང་འཆར་ཕུལ་དགོངས་དོན། ༡༩༦༤ ཟླ་༢ ཚེས་༨ ནས་བཟུང་། བོད་མིའི་སྡོད་སྒར་ཆེ་ཁག་རྣམས་སུ་ས་ཁུལ་དེ་གའི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྒར་འཐུས་མི་གསུམ་རེ་དོན་གཅོད་ལས་རོགས་སུ་བསྐོ་བཞག་དང་། དེའི་སྒྲིག་གཞི་གཏན་འབེབས་མཛད། ཕྱི་ལོ་༡༩༦༥ ལོར་ལས་བྱེད་ཁོངས་སུ་ཛ་ཐའི་ཟེར་བ་སོགས་གཞུང་རྙིང་པའི་གོ་མིང་ཇི་ཡོད་ ཕྱིར་བསྡུ་བསྐྱངས།

སྤྱི་འཐུས་ལྷན་ཚོགས་ཟུར་འཛུགས།

བོད་མི་མང་སྤྱི་འཐུས་རྣམས་ལས་ཀའི་ཉམས་མྱོང་གསོག་སྒྲུབ་སོགས་ཀྱི་དགོས་པ་རྒྱུ་མཚན་ལ་གཞིགས་ཏེ། དེ་ཕན་ལས་ཁུངས་ཁག་ནང་ཆ་བགོས་ཀྱིས་བཞུགས་སྲོལ་ཡོད་ནའང་། དེ་འཛམ་གླིང་སྤྱི་སྲོལ་དང་མི་མཐུན་པ་དང་། ལས་འགན་སྒྲུབ་ཕྱོགས་ཏག་ཏག་མིན་སྟབས། ༡༩༦༦ ཟླ་༥ ཚེས ༣ ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དངོས་སུ་ཟུར་འཛུགས་བསྐྱངས།

  • ཚོགས་གཙོ་བགྲེས་གཞོན་གཉིས་ལ་བཀའ་བློན་དང་འདྲ་བའི་མཚན་གནས་དང་། སྤྱི་འཐུས་བྱིངས་རྣམས་ལ་བཀའ་བློན་ལས་རོགས་དང་འདྲ་བའི་མཚན་གནས་སྩལ།
  • དེ་སྔོན་སྤྱི་འཐུས་རྣམས་དང་། བཞུགས་སྒར་དུ་ཡོད་པའི་ལས་བྱེད་ཆེ་ཕྲ་བཅས་ནས་ཟླ་དྲུག་རེའི་མཚམས་ལས་བསྡོམས་ཚོགས་འདུ་རེ་གནང་མུས་དེ་དག་༡༩༦༩ ལོ་ནས་བཟུང་ཕྱོགས་མཐའི་གཞིས་འགོ་བདེ་དོན་དང་། ས་ཁུལ་སོ་སོའི་མི་འཐུས་བཅས་ཡོད་པའི་ལོ་འཁོར་ཚོགས་ཆེན་རེ་གནང་རྒྱུའི་གཏན་འབེབས་མཛད།
  • ༡༩༧༣ ལོར་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་པའི་སྒྲིག་གཞི་གཏན་འབེབས་དང་འབྲེལ་༡༩༧༣ ཟླ་༨ ཚེས་༢༥ ཉིན་གསལ་བསྒྲགས་བསྐྱངས།
  • ༡༩༧༤ ཟླ་༡༡ ཚེས་༢༡ ཉིན་སྤྱི་འཐུས་གདམ་བྱ་འདེམས་བྱེད་ཀྱི་སྒྲིག་གཞི་གཏན་འབེབས་གསལ་བསྒྲགས་གནང་སྟེ། བུད་མེད་ཀྱི་སྤྱི་འཐུས་དམིགས་བསལ་གྲངས་བཅད་མ་དགོས་པར་ཕོ་མོ་ཁྱད་མེད་འོས་འདེམས་བྱས་ཆོག་པ་བཟོས།
  • རང་གཞུང་ལྷན་ཁང་ཁག་གི་ལོ་འཁོར་དངུལ་རྩིས་དེ་སྔོན་བཀའ་ཤག་ནས་ཐུགས་འགན་གནང་མུས་དེ་དག་༡༩༧༥ ལོ་ནས་བཟུང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་གནང་རྒྱུར་ཐུགས་གཏན་འཁེལ་བ་ལྟར། དངུལ་རྩིས་སྒྲིག་གཞི་ཡང་གསར་དུ་གཏན་འབེབས་གནང་།
  • ༡༩༧༥ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་༦ པའི་ཐོག་བཀའ་བསྡུར་བྱུང་བ་ལྟར། ཕྱི་ཟླ་༩ ཚེས་༢ ཉིན་མང་གཙོའི་དུས་ཆེན་བརྩི་སྲུང་མཛད་རྒྱུར་གཏན་འབེབས་ཀྱིས་གཞུང་འབྲེལ་གུང་སེང་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།
  • ༡༩༧༧ ཟླ་༡༠ ཚེས་༥ ནས་བཟུང་ཆོས་བརྒྱུད་སྤྱི་མཚུངས་ལྟར་གཡུང་དྲུང་བོན་གྱི་ཆོས་འཐུས་གསར་བསྐོ་བསྐྱངས།
  • ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་༡༡ སྐབས་སུ་བཀའ་མོལ་བྱུང་བ་ལྟར། ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ནས་༡༩༧༩ ཟླ་༧ ཚེས་༢༣ ཉིན་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན། བཀའ་བློན་རྣམ་པའི་མཛད་འཁུར་དུས་ཡུན་ལོ་ལྔའི་རིང་གནང་རྒྱུ་གཏན་འབེབས་མཛད།
  • ༡༩༨༡ ལོ་ནས་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དེར་བོད་གཞུང་མང་ལོ་འཁོར་སྲི་ཞུ་ཚོགས་ཆེན་ཞེས་སྒྲིག་གཞི་གཏན་འབེབས་དང་འབྲེལ་ལོ་ལྟར་ཚོགས་ཆེན་མ་དགོས་པར་ལོ་གཉིས་རེའི་མཚམས་ཚོགས་ཆེན་ཐེངས་རེ་གནང་རྒྱུ་བཅས་གཏན་འབེབས་མཛད། དེ་བཞིན་ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་སྒྲིག་གཞིར་ཡང་ལེགས་བཅོས་གཏན་འབེབས་གནང་།
  • ༡༩༨༡ ལོར། གཞོན་ནུའི་ལྷན་ཚོགས་སོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་ཆོལ་ཁ་སོ་སོས་རང་ཁོངས་འོས་གཞི་འོས་འདེམས་བྱེད་པ་མ་ཡིན་པར་ཆོལ་གསུམ་འོས་ཤོག་མཉམ་བསྡུ་གནང་ལེགས་ཀྱི་ཞུ་སྙན་རིམ་ཕུལ་ལ་བརྟེན། ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཐོག་དེ་དོན་མང་མོས་ཐག་གཅོད་བྱུང་སྟེ་དབུས་འདེམས་བསྐོ་ལྷན་ཚོགས་ནས་གསལ་བསྒྲགས་བསྐྱངས་པར། མདོ་སྟོད་མི་མང་ནས་སྔར་ལམ་ལྟར་ལེགས་པའི་བསམ་ཚུལ་རིམ་བྱུང་ལ་བསྐྱར་དུ་བཀའ་བསྡུར་གནང་སྟེ། སྤྱི་འཐུས་སྐབས་བརྒྱད་པ་འདི་འོས་བསྡུ་ཆེན་མོ་ཐེངས་གཅིག་གིས་འཐུས་རྒྱུར་དེ་ཐོག་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩལ་དགོངས་དོན་གནང་རྒྱུ་ཐུགས་གཏན་འཁེལ་བ་མ་ཟད། སྤྱི་འཐུས་གྲངས་ཚད་ཀྱང་ཉུང་འཕྲི་གནང་ཡོད།
  • ཕྱི་ལོ་༡༩༨༢ ཟླ་༡ ཚེས་༥ རྒྱུན་ལས་ཚོགས་འདུའི་སྒྲིག་གཞིའི་དགོངས་དོན་ལྟར། ཆེས་མཐོའི་རྒྱུན་ལས་ཚོགས་འདུ་དང་། ལོ་འཁོར་སྲི་ཞུ་ཚོགས་ཆེན། ལོ་འཁོར་དངུལ་རྩིས་ཚོགས་འདུ་སོགས་གཞི་རྒྱ་ཆེ་བའི་འཆར་འཕར་ཚོགས་འདུ་ཚང་མའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་གཉིས་ནས་འགན་འཁུར་གཙོ་སྐྱོང་གནང་རྒྱུའི་གཏན་འབེབས་བཟོས།
  • ༡༩༨༤ ལོར་སྤྱི་འཐུས་སྐབས་དགུ་པའི་འོས་བསྡུའི་སྐོར་དབུས་འདེམས་བསྐོ་ལྷན་ཚོགས་ནས་གསལ་བསྒྲགས་བསྐྱངས་པར། སླར་ཡང་མདོ་སྟོད་མི་མང་གི་ངོས་ནས་སྔར་ལམ་ལྟར་ལེགས་ཆ་ཆེ་བའི་ཞུ་གླེང་རིམ་བྱུང་བཅས་ལ་བརྟེན། བོད་མི་མང་ཁུངས་སོ་སོའི་ཚོགས་མི་དང་། གཞོན་ནུའི་ཚོགས་མི། བོད་ནས་གསར་འབྱོར་བཅས་ཚང་འཛོམས་བསམ་གྲོས་ཞིབ་བསྡུར་བགྱིས་པའི་མཐའ་མའི་ཐག་གཅོད་དུ། སྤྱི་འཐུས་འོས་བསྡུ་བྱ་ཕྱོགས་སྤྱི་མོས་སུ་འགྱུར་པའི་དུས་སྐབས་མ་བྱུང་བར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་ཐུགས་རྗེ་ཆེ་བ་དང་། དེ་བཞིན་ལས་འཁུར་ཡུན་ཚད་ཀྱང་ལོ་ལྔ་བར་རིང་གཏོང་མཛད་འགབས་མཆིས་མིན་ཡེ་ཤེས་དབྱིངས་དཔྱད་ཡོང་བ་ཞེས་ཞུས་ཁོངས་ནས། སྤྱི་འཐུས་སྐབས་བརྒྱད་པ་འདི་ལོ་གཉིས་འཕར་འགྱངས་གནང་། དེ་ནས་བཟུང་སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ།
  • སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྔར་རྒྱུན་བཞིན་རང་རང་ཆོལ་ཁ་ཆོས་བརྒྱུད་ཐོབ་ཁུངས་སོ་སོ་ནས་འོས་འཕེན་གྱིས་འདེམས་བསྐོ་གཏན་འབེབས་བྱུང་བ་བཞིན་ཕྱི་ལོ་༡༩༨༨ ཟླ ༩ ཚེས་༢ ཉིན་འདེམས་ཐོན་ལས་ཁུར་དམ་འབུལ་དང་འབྲེལ་ལས་སྒོར་ཞུགས།
  • སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཐོག་དུས་བསྟུན་ལེགས་ཆའི་སྒྱུར་བཀོད་བསྩལ་བཞེད་ཀྱིས་སྐབས་བཅུ་པའི་ལས་རྒྱུན་མ་གཙང་གོང་ཕྱི་ལོ་༡༩༩༠ ཟླ་༥ ཚེས ༡༡ ཉིན་ཁུ་བསྡུའི་གསལ་བསྒྲགས་བསྐྱངས།
སྤྱི་ལྷན་རྒྱ་བསྐྱེད་དང་བཅའ་ཁྲིམས་གཏན་འབེབས།

ཕྱི་ལོ་༡༩༨༠ འགོ་སྟོད་ནས་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་ལམ་སྟོན་སྔ་རྗེས་ཕེབས་པ་མ་ཟད། འཛིན་སྐྱོང་གི་འགོ་ཁྲིད་སྲིད་བློན་བསྐོ་གཞག་དགོས་མིན་མང་ཚོགས་ལ་བསམ་ཚུལ་དྲི་བསྡུར་སོགས་རིམ་པར་མཛད་དེ། ཕྱི་ལོ་༡༩༩༠ ལོའི་ཟླ་༥ ནང་བཙན་བྱོལ་བོད་མིའི་མི་འཐུས་༣༦༩ ཙམ་འདུས་པའི་དམིགས་བསལ་ཚོགས་ཆེན་བསྡུ་སྐོང་དང་འབྲེལ། ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་ལམ་སྟོན་ཞིབ་གསལ་བསྩལ་དོན་ལྟར། ཚོགས་ཐོག་ནས་བར་བརྒལ་བཀའ་བློན་འོས་འདེམས་དང་སྤྱི་འཐུས་གྲངས་ཚད་སྤར་ཆ་གནང་རྒྱུ་སོགས་ཀྱི་གྲོས་ཆོད་བཞགལོ་དེར་༸གོང་ས་མཆོག་གིས་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་བསྐྱངས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆར་ཆོལ་ཁ་གསུམ་སོ་སོར་སྤྱི་འཐུས་མི་གྲངས་༡༠ རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་པར་སྤྱི་འཐུས་གཉིས་རེ། ༸གོང་ས་ཆེན་པོས་ཐད་བསྐོས་སྤྱི་འཐུས་གཅིག་ནས་གསུམ། བྱང་ཨ་རི་ནས་སྤྱི་འཐུས་གཅིག ཡུ་རོབ་ཁུལ་ནས་སྤྱི་འཐུས་གཉིས་བཅས་བསྡོམས་སྤྱི་འཐུས་གྲངས་༤༦ ལ་སྤར་ཆ་མཛད།

  • ཕྱི་ལོ་༡༩༩༡ ཟླ་༥ ཚེས་༢༩ ཉིན་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལས་ཁུར་དམ་འབུལ་མཛད་སྒོའི་མཇུག་ཏུ་༸གོང་ས་ཆེན་པོས་སྤྱི་འཐུས་ལྷན་ཚོགས་སུ་བཀའ་སློབ་ཕེབས་དོན་དུ། “དེ་རིང་འདིར་ཁྱེད་རང་ཚོ་སྐབས་བཅུ་གཅིག་པའི་སྤྱི་འཐུས་རྣམས་གོང་དུ་བརྗོད་པ་བཞིན་སྤྱི་འཐུས་འོས་བསྡུ་སྟངས་དང་། མཐའ་མའི་གཏན་འབེབས་བྱེད་སྟངས་ལམ་གསར་པ་ཞིག་གི་ཐོག་ནས་གཏན་འཁེལ་བ་མ་ཟད། ད་རེས་ཀྱི་ལས་དུས་འདི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་དག་ལ་ཁྱེད་རང་ཚོས་ཉིན་བསྟུད་དེ་བགྲོ་གླེང་དང་གོ་བསྡུར་མཐིལ་ཕྱིན་པ་ཞིག་བྱེད་དགོས་པ་དང་། ཡང་ཕྱོགས་མཐའི་བསམ་འཆར་རྣམས་ལ་ཡང་བལྟ་རྒྱུ་ཡོད་པས། གང་དགའ་ཅི་ལེགས་ཀྱི་དགོངས་པ་ཡག་པོ་བཞེས་ཏེ་གཏན་འབེབས་བྱེད་ཐུབ་པ་དགོས་”ཞེས་སོགས་ཕེབས་དོན་བཞིན། སྐབས་དེར་སྤྱི་འཐུས་ལྷན་ཚོགས་སུ་བཅའ་ཁྲིམས་དོན་ཚན་རེ་རེ་བཞིན་བགྲོ་གླེང་གྲོས་བསྡུར་ཉིན་བསྟུད་ཞིབ་ལྷུག་ཏུ་གནང་སྟེ་༡༩༩༡ ཟླ་༦ ཚེས་༡༤ ཉིན་གཏན་འབེབས་དང་། ཟླ་༦ ཚེས་༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོག་མཆན་གསལ་བསྒྲགས་བསྐྱངས།
  • དུས་དེ་ནས་བཟུང་སྤྱི་འཐུས་འོས་འདེམས་བྱུང་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་འཁྲོལ་ཕྱག་རྟགས་བསྩལ་ལམ་ཡོད་པ་དེ་དག་མཚམས་འཇོག་གནང་།
  • ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གྲུབ་པ་ནས་༢༠༠༡ ལོའི་བར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཉིས་ལྡབ་ལས་མ་ཉུང་བའི་འོས་དམིགས་མིང་འདོན་མཛད་གནང་ཇི་བྱུང་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་རྣམས་ཀྱིས་གསང་བའི་སྒོ་ནས་འོས་འཕེན་མང་རིམ་རྩེ་བཏོག་གིས་གྲངས་༧།༨ འདེམས་ཐོན་བྱུང་བ་རྣམས་ལ་བཀའ་བློན་དུ་བསྐོ་གཞག་བྱེད་ལམ་བཟོས།
  • བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན། ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་དང་། གཞན་ཡང་རང་དབང་ལྡན་པའི་ལས་ཁུངས་གསུམ་སྟེ་འོས་བསྡུ་ལས་ཁང་དང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁང་གསུམ་བཅའ་ཁྲིམས་དགོངས་དོན་བཅོས་སྒྲིག་གསར་འཛུགས་བསྐྱངས།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་སྐབས་བཅུ་གཉིས་པའི་ཚོགས་དུས་སྔ་རྗེས་སུ་བཀའ་བློན་ཁྲི་པ་འོས་བསྡུ་གནང་ཕྱོགས་ལ་བསྐྱར་བཅོས་དགོས་ངེས་ཀྱི་བཀའ་སློབ་ལམ་སྟོན་ལྗིད་ནན་བསྩལ་དོན་ལྟར། སྤྱི་འཐུས་ལྷན་ཚོགས་སུ་བགྲོ་གླེང་ཞིབ་བསྡུར་གནང་མཐར། བཅའ་ཁྲིམས་དོན་ཚན་༢༡ པར་བསྐྱར་བཅོས་གནང་སྟེ། བཙན་བྱོལ་བོད་མི་ཡོངས་ཀྱིས་སྤྱི་ཡོངས་འོས་བསྡུའི་ལམ་ནས་བཀའ་བློན་ཁྲི་པ་བསྐོ་བཞག་དང་། བཀའ་བློན་ཁྲི་པ་དེས་བཀའ་བློན་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་གསལ་བཤད་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་བ་དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱ་དགོས་པའི་གཏན་འབེབས་བཟོས་ཤིང་། ༢༠༠༡ ལོར་བཀའ་ཤག་སྐབས་༡༢ པའི་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་བསྡུ་གནང་ཡོད།
  • ༢༠༡༠ ལོའི་ཟླ་༩ ཚེས་༩ ཉིན སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་༡༠ པའི་སྟེང་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་བྱང་ཨ་རིར་ས་ཁོངས་སྤྱི་འཐུས་གཅིག་སྤར་ཆ་གནང་།