༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༥ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་རམ་ས་ལ་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་མཇུག་བསྒྲིལ་གནང་སོང་།
སྐབས་དེའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་། ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དང་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། རྒྱལ་ཁབ་ཁག་མི་འདྲ་བ་ ༡༥ ཙམ་ནས་ཕེབས་པའི་ཚོགས་བཅར་བ་གཞོན་སྐྱེས་ ༩༥ ཙམ་ཚང་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་ཚོགས་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། རྩ་བའི་རྣམ་པ་ཚོ་ཉིན་གྲངས་གསུམ་རིང་ཚོགས་པའི་ཚོགས་འདུའི་བརྗོད་གཞི་ནང་དོན་གལ་ཆེ་བ་གཅིག་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ནས་ད་བར་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་གང་བསྐྱོན་པའི་ཐོག་ཤེས་རྟོགས་ཡོང་ཐབས་རེད་འདུག་པས། རྣམ་པ་ཚོས་དེའི་ཐོག་རྒྱུས་ཡོད་འདྲ་པོ་ཆགས་ཡོད་རེད་བསམས་ཀྱི་འདུག ང་ཚོ་བོད་ཀྱི་ཆབ་སྲིད་དང་། རིག་གཞུང་། དཔལ་འབྱོར་གང་ཅིའི་ཐད་ལ་མིག་དཔེ་བལྟ་ས་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་མཛད་འཕྲིན་ཆགས་བསྡད་ཀྱི་ཡོད་རེད། རྒྱལ་སྤྱིའི་ནང་ལོགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་དོན་གཉིས་ངོ་བོ་དབྱེར་མེད་འདྲ་པོར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར་རྣམ་པ་ཚོ་གཞོན་སྐྱེས་ཚོའི་ནང་ལའང་དེ་ལྟར་བསམ་བློ་སྐྱེ་ཐུབ་པ་ཡིན་ན། མ་འོངས་པར་སོ་སོའི་མི་ཚེའི་ནང་བོད་ཀྱི་ཆབ་སྲིད་དང་། རིག་གཞུང་། དཔལ་འབྱོར་གྱི་ལས་དོན་ཐོག་ཕྱག་ལས་གནང་རྒྱུར་ས་བོན་ནམ་གཞི་རྩ་གལ་ཆེན་པོ་ཞིག་ཆགས་ཀྱི་རེད། དེའི་ཐོག་ནས་རྣམ་པ་ཚོས་ཉིན་གྲངས་གསུམ་རིང་ལ་སོ་སོས་གསན་པ་ཙམ་མ་ཡིན་པར། ༧གོང་ས་མཆོག་ལ་རླབས་ཆེན་གྱི་དགོངས་གཞི་དེ་དག་ཐོག་ཇི་ལྟར་འཁྲུངས་པའི་ཐོག་རྒྱུན་དུ་བསམ་ཞིབ་དང་། མ་འོངས་པར་ལས་འཆར་བང་བསྒྲིགས་ནས་ལག་ལེན་བསྟར་ཕྱོགས་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་གཅིག་རེད། རྣམ་པ་ཚོ་རྒྱལ་སྤྱིའི་མང་གཙོའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བ་ཤ་སྟག་ཡིན་དུས། རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ཆབ་སྲིད་ཚོགས་པ་སུ་དང་སུས་བོད་དོན་ཐོག་རྒྱབ་སྐྱོར་གང་གནང་མིན། སྲིད་བྱུས་འཛིན་ཕྱོགས་ལ་དོ་སྣང་གནང་མི་གནང་ཙམ་རེད་མ་གཏོགས་ལམ་སེང་ཤེས་རྟོགས་ཐུབ་པ་ཞིག་ཡིན་དུས། དོ་སྣང་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག
རྣམ་པ་ཚོའི་ཉིན་གསུམ་རིང་གི་བརྗོད་གཞི་ཁག་དང་འབྲེལ་ཏེ། དོན་ཚན་གསུམ་གྱི་ཐོག་ཞུ་ཡ་ཡིན། དེ་ཡང་བོད་མི་རིགས་ཀྱི་འདུ་ཤེས་སླེབས་ཐུབ་ཐབས་དང་། བོད་མི་རིགས་ལ་ཕན་ཐོགས་ཐུབ་པའི་བྱ་བ་གང་བསྒྲུབ་རྒྱུ་ཡོད་པ། བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་སོ་སོའི་ངོས་ནས་རྣམ་དཔྱོད་བཏོན་ནས་ཐབས་ལམ་གང་གི་ཐོག་ནས་བྱ་བ་བསྒྲུབ་རྒྱུ་ཡོད་པ་བཅས་ཀྱི་སྐོར་ལ་ཞུས་ན་བསམས་བྱུང་། དོན་ཚན་དང་པོ། བོད་མི་རིགས་ཀྱི་འདུ་ཤེས་སླེབས་རྒྱུར་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཤེས་དགོས་པ་དང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་དོ་སྣང་སླེབས་ཐུབ་དགོས་པ། སྤྱིར་བཏང་སྤྱི་ཚོགས་ཀྱི་དཔལ་ཡོན་སྐོར་བཤད་ཡོང་དུས། ཨི་ཇིབ་དང་། གྷི་རི་སི། རྒྱ་གར། རྒྱ་ནག་རྒྱལ་ཁབ་བཅས་ལོ་ ༥༠༠༠ ལྷག་ཙམ་གྱི་དཔལ་ཡོན་ཡོད་པའི་འཛམ་གླིང་གི་དཔལ་ཡོན་རིང་ཤོས་ཡིན་པ་འདྲ་པོ་བཤད་ཀྱི་ཡོད་རེད། ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་བཤད་པ་ཡིན་ན། བོད་བཙན་པོའི་དུས་རབས་ནས་བརྩིས་པ་ཡིན་ན་ལོ་ངོ་ ༢༠༠༠ ལྷག་ཙམ་ལས་འགྲོ་ཡི་མེད་པ་ལྟ་བུ། གཞན་དང་བསྡུར་ན་དཔལ་ཡོན་ཐུང་ཐུང་འདྲ་པོ་ཆགས་ཀྱི་ཡོད་རེད། ཟླ་ཤས་གོང་ལ་བོད་ནང་ནས་གནའ་རྫས་རྟོག་ཞིབ་བྱས་པ་ཞིག་ཐོན་འདུག་ཅིང་། དེ་ཡང་བོད་ཀྱི་སྟོད་ལུང་དང་། མངའ་རིས་དགེ་རྒྱས་ས་ཆ་དེ་ཚོའི་ནང་ལོ་ངོ་ཁྲི་བཅུ་གོང་ནས་འགྲོ་བ་མིའི་རིགས་བྱུང་ཡོད་པ་བཤད་ཀྱི་འདུག དེ་ཕྱི་ལོ་སྔོན་གྱི་ལོ་ ༨༠༠༠ གོང་ནས་བོད་ནང་མིའི་འགྲོ་བ་བྱུང་བ་བཤད་ཀྱི་ཡོད་པ་རེད། མིའི་འགྲོ་བ་སླེབས་ཚར་བའི་མཇུག་ལ་དེ་དང་མཐུན་པའི་རིག་གཞུང་དང་དཔལ་ཡོན་གྱི་དགོས་མཁོ་ཡོད་དུས། བོད་ནང་ལ་ཕྱི་ལོའི་གོང་གི་ལོ་ ༨༠༠༠ ཙམ་ནས་བོད་ལ་དཔལ་ཡོན་བྱུང་བར་ངོས་འཛིན་བྱས་ན་མ་འགྲིག་པ་མིན་འདུག ཡོངས་གྲགས་ཀྱི་གནས་རྫས་རྟོག་ཞིབ་ལ་བལྟས་པ་ཡིན་ན། བོད་ནང་ལོ་ ༥༠༠༠ ཙམ་ནས་འགྲོ་བ་མིའི་རིགས་བྱུང་བ་བཤད་ཀྱི་ཡོད་པ་དེར་རྩོད་པ་གང་ཡང་ཡོད་མ་རེད། དེ་ཚང་མས་ངོས་ལེན་བྱེད་ཀྱི་ཡོད་རེད། ལོ་ངོ་ཁྲི་བཅུ་གོང་ནས་འགྲོ་བ་མིའི་རིགས་བྱུང་ཡོད་ལུགས་བཤད་པ་དེ་གནས་ཚུལ་གསར་པ་ཞིག་ཆགས་ཀྱི་ཡོད། གང་ལྟར་ང་ཚོ་ལོ་རྒྱུས་རིང་པོ་དང་རྒྱབ་ལྗོངས་ཡོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་དགོངས་པ་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག བོད་ཀྱི་རིག་གཞུང་ལྟ་བུར་ཆ་བཞག་ན། གནའ་སྔ་མོ་བོད་ཀྱི་གདོད་མའི་ཆོས་ལུགས་བོན་དང་། ཕྱིས་སུ་དུས་རབས་བརྒྱད་པའི་སྐབས་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་རྗེས་སུ། བཀའ་འགྱུར་དང་། བསྟན་འགྱུར་ཁྱོན་པོད་སུམ་བརྒྱ་ལྷག་ཙམ་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་ཡོད་པ་དང་། དེ་དང་འབྲེལ་བའི་རིག་གཞུང་གི་ཐོག་ནས་བོད་པའི་སྤྱི་ཚོགས་དེ་བྱམས་བརྩེ་དང་། དྲང་བདེན། ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས་ཤིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཡང་བྱམས་བརྩེའི་རིག་གཞུང་ལྡན་པའི་སྤྱི་ཚོགས་ཤིག་ཆགས་བསྡད་ཡོད་པ། དེ་གཙོ་བོ་ཕྱོགས་གཅིག་ནས་ཆོས་དང་འབྲེལ་བའི་ཐོག་ནས་ཡོང་གི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་མི་རིགས་ཀྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད་པ་རེད། རིག་གཞུང་དེ་དམིགས་བསལ་གྱིས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་གསལ་པོ་ཤེས་དགོས་ཀྱི་ཡོད། སྐད་ཡིག་ཐོག་ལ་བཤད་པ་ཡིན་ན། སྔོན་མའི་ཞང་ཞུང་སྨར་ཡིག་ཡོད་པ་བཤད་ཀྱི་ཡོད་པ་དང་། ཡོངས་གྲགས་སུ་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་ལ་བཏང་ནས་རྒྱ་གར་གྱི་ཡི་གེ་ (Devanagari) ལ་དཔེ་བལྟས་ནས་བོད་ཀྱི་ཡི་གེ་གསར་གཏོད་གནང་བའི་སྐོར་གསུངས་ཀྱི་ཡོད་རེད། ཡི་གེ་དེས་བོད་པའི་ངོ་བོ་མཚོན་ཐུབ་ཀྱི་ཡོད་པ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དུས་རབས་བདུན་པ་བརྒྱད་པའི་སྐབས་རྒྱ་ནག་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་རུང་། རྒྱ་ནག་གི་ཡི་གེར་དཔེ་མ་བལྟས་པར་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་ཞིག་གསར་གཏོད་གནང་ཡོད་རེད། མདོར་ན་རྣམ་པ་ཚོས་བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག རིག་གཞུང་ཐོག་ལ་དོ་སྣང་བྱེད་ཐུབ་དགོས་ཀྱི་འདུག དེ་དག་ཐོག་དོ་སྣང་བྱེད་ཐུབ་པ་ཡིན་ན། བོད་མི་རིགས་ཀྱི་འདུ་ཤེས་སླེབས་ཐུབ་ཀྱི་འདུག བོད་མི་རིགས་ཀྱི་འདུ་ཤེས་མེད་པར་མི་རིགས་གཞན་གྱི་ནང་འཐིམ་སོང་བ་ཡིན་ན་ང་ཚོ་བོད་མི་རིགས་ཞེས་པ་བརླག་འགྲོ་ཡི་རེད། དེར་དཔལ་༧རྒྱལ་དབང་ཀརྨ་པས་དཔེ་ཞིག་གསུངས་ཡོད་རེད། ཕྲུ་གུ་ཞིག་གིས་ཤོག་བྱ་ནམ་མཁར་བཏང་ཡོང་དུས། ཕྲུ་གུའི་ལག་ནས་ཤོག་བྱ་འཛིན་མཁན་གྱི་སྐུད་པ་དེ་ཤོར་བ་ཡིན་ན། ཤོག་བྱ་བརླག་འགྲོ་ཡི་ཡོད་པ་ལྟར། བོད་མི་རིགས་དང་། དེའི་ལོ་རྒྱུས་དང་། སྐད་ཡིག རིག་གཞུང་བཅས་ནི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། རྣམ་པ་ཚོའི་ཐོག་ནས་དོ་སྣང་བྱས་པ་ཡིན་ན། ཏན་ཏན་གྱིས་ཐུགས་ཕན་གསོས་ཀྱི་རེད་ཅེས་ཞུ་རྒྱུ་ཡིན།
དོན་ཚན་གཉིས་པ། བོད་མི་རིགས་ལ་ཕན་ཐོགས་ཐུབ་པའི་བྱ་བ་གང་བསྒྲུབ་རྒྱུ་ཡོད་པ་ཞེས་པའི་ཐོག་ལ། སྤྱིར་ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས་བདེ་འཇགས། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་ཐོག་བོད་མི་རིགས་ལ་ཕན་ཐོགས་ཐུབ་པའི་བྱ་བ་གང་བསྒྲུབ་རྒྱུ་ཡོད་པའི་ཐོག་དགོངས་པ་བཞེས་ཐུབ་དགོས་པ། ཉི་འོང་དང་། འཇར་མན་ནི། ཨ་རི་སོགས་ནུབ་ཕྱོགས་པའི་རྒྱལ་ཁབ་ནང་དེང་དུས་ཤེས་ཡོན་ལ་བརྟེན་ནས་འཕྲུལ་རིག་གསར་པ་མང་པོ་གསར་གཏོད་བྱས་པའི་ཐོག་ནས་སོ་སོའི་རྒྱལ་ཁབ་ལ་ཡོང་འབབ་ཕོན་ཆེ་བཟོ་ཡི་ཡོད་པ་རེད། དེ་འདྲའི་དེང་དུས་ཤེས་ཡོན་གྱི་ཐོག་ནས་བོད་མི་རིགས་ལ་ཕན་ཐོགས་ཐུབ་རྒྱུར་བསམ་བློ་གཏོང་དགོས་པ་དང་། དེ་བཞིན་བོད་ཀྱི་རིག་གཞུང་ཐོག་ནས་སོ་སོའི་མི་རིགས་ལ་ཕན་ཐོགས་ཐུབ་པའི་བྱ་བ་གང་བྱ་རྒྱུ་ཡོད་མེད། བོད་ཀྱི་ནང་ཆོས་ལ་བསམ་བློ་བཏང་བ་ཡིན་ན། ཕྱི་རྒྱལ་མི་རིགས་ནང་ལོགས་ལ། བོད་ཀྱི་ནང་ཆོས་ཀྱི་ལོ་ཙཱ་བ་དེ་འདྲ་ཡོད་རེད། ཁོང་རྣམས་ཀྱིས་བོད་ཀྱི་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཙམ་ཨིན་ཇིའི་སྐད་ཡིག་སོགས་ནང་བསྒྱུར་གྱི་ཡོད་རེད། བོད་ཀྱི་ནང་ཆོས་ལ་དོ་སྣང་དམིགས་བསལ་ཞིག་ཡོད་དུས། ཆོས་དང་རིག་གཞུང་གི་ཐོག་ནས་ནང་པའི་རྒྱལ་ཁབ་ཁག་དང་འབྲེལ་བ་གནང་ནས་ཕན་ཐོགས་ཐུབ་དགོས་པ། དེ་བཞིན་འཕྲོད་བསྟེན་ཐོག་ལ་བསམ་བློ་བཏང་བ་ཡིན་ན། བོད་ནང་རྒྱ་ནག་ནས་ཡར་མི་རིགས་རྩ་བརླག་འགྲོ་རྒྱུའི་ན་ཚ་དེ་འདྲ་ཁྱབ་གདལ་འགྲོ་ཡོང་དུས། བོད་ནང་གི་བླ་མ་དང་། མཁན་པོ། སྨན་པ་སོགས་ཀྱི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་ལམ་སྟོན་གནང་ནས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་གསལ་པོ་རེད་འདུག་པས། རྣམ་པ་ཚོས་དེང་དུས་སྨན་གྱི་ཐོག་ལ་སློབ་སྦྱོང་བྱས་ནས་དེ་འདྲ་ཕན་ཐོགས་བསྐྲུན་ཐུབ་པ་དང་། བོད་པ་ནང་ཁུལ་དང་ཉམ་ཐག་རྒན་རྒོན་རྣམས་ལ་རོགས་རམ་གནང་ཐུབ་རྒྱུའི་དགོངས་པ་བཞེས་ཐུབ་དགོས་པ། དེ་བཞིན་དཔལ་འབྱོར་ཐོག་ལ། རྒྱ་གར་ནང་ལོགས་ལ་པར་སི་མི་རིགས་དེ་གྲངས་ཉུང་ཡིན་ཡང་། རྒྱ་གར་དཔལ་འབྱོར་ཐོག་ལ་ཞབས་འདེགས་ཆེན་པོ་སྒྲུབ་བཞིན་ཡོད་པ་ལྟར། ང་ཚོ་བོད་མིའི་ཐོག་ནས་ཀྱང་དེ་ལྟར་ཚོང་ལས་ཀྱི་ལས་གཞི་སྤེལ་ནས་བོད་མི་རིགས་ལ་ཕན་ཐོགས་ཐུབ་པའི་ཕྱག་ལས་གནང་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།
དོན་ཚན་གསུམ་པ། བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་སོ་སོའི་ངོས་ནས་རྣམ་དཔྱོད་བཏོན་ནས་ཐབས་ལམ་གང་གི་ཐོག་ནས་བྱ་བ་བསྒྲུབ་རྒྱུ་ཡོད་པའི་སྐོར་ལ། ང་ཚོ་ཚང་མ་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཁག་ནང་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ཆགས་བསྡད་དུས། ཆབ་སྲིད་ཀྱི་གདོང་ལེན་གནང་དགོས་པ་རང་བཞིན་གྱི་ཆགས་ཡོད་རེད། ང་ཚོའི་རྩ་དོན་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་གཅིག་ཆགས་ཡོད་ཅིང་། ཕྱི་ལོ་ ༡༩༥༩ ནས་ད་ལྟའི་བར་བོད་དེ་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་བཙན་བཟུང་འོག་རང་དབང་མེད་པར་དཀའ་ངལ་འོག་ཉིན་འཁྱོལ་ཡང་མཚན་མ་འཁྱོལ་བའི་གནས་སྟངས་ཆགས་བསྡད་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བཙན་བྱོལ་ནང་སྡོད་མཁན་རྣམས་བོད་ནང་གི་བོད་མིའི་ངོ་ཚབ་ཡིན་གསུངས་པ་ལྟར། རྣམ་པ་ཚོས་བོད་ནང་གི་གནས་སྟངས་ཐོག་དོ་སྣང་གནང་དགོས་པ་གལ་ཆེན་པོ་རེད། ང་ཚོར་བདེན་པ་ཡོད་དུས་འཐབ་རྩོད་བྱ་རྒྱུའི་འགན་དབང་ཆ་ཚང་ཡོད་རེད། དེ་རྩོད་སྟངས་ཐོག་ལ། ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་དང་བྱེད་བཞིན་ཡོད་རེད། འོན་ཀྱང་རྒྱ་ནག་གཞུང་གི་ཐོག་ནས་བཟང་ཕྱོགས་ཀྱི་གྱུར་བ་མེད་པར། ཕྱི་ལོ་ ༢༠༡༠ ཡི་རྗེས་ལ་འབྲེལ་མོལ་ཆད་བསྡད་ཡོད་རེད། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱི་དང་། རྒྱ་མི་རིགས་ནང་ལའང་། བོད་ནང་ཡར་རྒྱས་བཏང་ཡོད་པའི་གནས་ཚུལ་རྫུན་མ་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པར་གདོང་ལེན་གནང་སྟེ། རྣམ་པ་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་དངོས་ཡོད་གནས་བབ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སོགས་རྒྱལ་སྤྱི་དང་། ལྷག་པར་རྒྱ་རིགས་གཞོན་སྐྱེས་ཚོའི་ནང་ཁྱབ་སྤེལ་ཤུགས་ཆེན་པོ་བྱ་རྒྱུ་གལ་ཆེན་པོ་རེད་འདུག དེ་དང་ཆབས་ཅིག་རྣམ་པ་ཚོ་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་ཐོག་ནས། རྒྱལ་ཁབ་སོ་སོའི་ཆབ་སྲིད་ནང་ལ་དོ་སྣང་བྱེད་ནས་གཞུང་དང་མི་མང་གིས་རྒྱབ་སྐྱོར་ཡོང་ཐབས་གནང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ནང་ནས་གཞུང་འབྲེལ་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་རྒྱུའི་གོ་སྐབས་འཛིན་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
གཞན་ཡང་མཇུག་བསྡོམས་མཛད་སྒོའི་ཐོག གཞོན་སྐྱེས་རྣམ་པས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་ བསྒྲགས་གཏམ་ ཞིག་སྤེལ་བ་དང་། དེ་བཞིན་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དང་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་མཇུག་བསྒྲིལ་གནང་ཡོད་པ་བཅས།