ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཚོགས་མི་ Tom Berndt དང་ Elaine Berndt རྣམ་གཉིས་བོད་ཀྱི་གྲོགས་པོ་ཞེས་པའི་ལག་དེབ་སྔོན་པོའི་ཚོགས་མིའི་ནང་གསར་འཇུག་གནང་བ།

༄༅། །ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཚོགས་མི་ Tom Berndt དང་ Elaine  Berndt རྣམ་གཉིས་ནི་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༥ ཉིན་གྱི་སྔ་དྲོ་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་ཛའོ་ བྷེ་ཌི་ཕོར་ཌི་ (Dr. Zoe Bedford) མཆོག་གིས་སྣེ་ཁྲིད་པའི་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་དང་མཇལ་འཕྲད་གནང་ཡོད་པ་རེད།

ཁོང་རྣམ་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གནས་སྟངས་དངོས་སུ་མཐོང་བ་དེས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། དུས་མཚུངས་སེམས་འགུལ་ཡང་ཚད་མེད་ཐེབས་ནས།  Tom Berndt དང་ Elaine  Berndt  རྣམ་གཉིས་ནས་བཙན་བྱོལ་བོད་མི་རྣམས་དང་བཙན་བྱོལ་སྤྱི་ཚོགས་ལ་ཞབས་འདེགས་ཡག་ཤོས་ཇི་ལྟར་སྒྲུབ་ཐུབ་མིན་གྱི་ཐོག་བགྲོ་གླེང་གནང་བར་ལམ་བར་ཆུ་ཚོད་གཉིས་ཙམ་རིང་རླངས་འཁོར་ནང་བསྡད་དེ་ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གི་སར་ཕེབས་ནས་ཕན་ཚུན་ཆུ་ཚོད་གཉིས་ཙམ་གོ་བསྡུར་ལྷུག་པོ་གནང་། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་གང་མང་ཞུགས་ཐབས་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམ་པས་ལག་དེབ་སྔོན་པོའི་ཚོགས་མིའི་ཁོངས་ཞུགས་ཏེ་བོད་པའི་གྲོགས་པོ་ཇེ་མང་དུ་གཏོང་ཐབས་བྱ་རྒྱུ་སོགས་ཀྱི་སྐོར་ལ་ངོ་སྤྲོད་དང་བགྲོ་གླེང་གནང་བ་ལྟར།  ཁོང་རྣམ་གཉིས་ཀྱིས་བདུན་ཕྲག་གཉིས་ནང་སྙན་ཞུ་ཕུལ་ཏེ་ལག་དེབ་སྔོན་པོའི་ཚོགས་མིའི་ཁོངས་སུ་ཞུགས་གནང་ཡོད་འདུག ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་ཁོང་རྣམ་གཉིས་སླར་ཡང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་ཐུག་འཕྲད་དང་། ཁོང་ཚོར་ལག་དེབ་སྔོན་པོ་ལག་སོན་བྱུང་བར་དགའ་སྤོབས་བྱུང་ཞེས་གསུང་བ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དེ་ལས་མང་བ་ཡོང་བར་སྐུལ་སློང་དང་ཁྱབ་བསྒྲགས་ཆེད་མཉམ་དུ་འདྲ་པར་ཞིག་ཀྱང་ལེན་གནང་ཡོད་པ་རེད།

 

Tom Berndt དང་ Elaine  Berndt རྣམ་གཉིས་ནི་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལེན་ཌེ་ (Queensland) ཁུལ་དུ་གནས་སྡོད་བྱེད་མཁན་ཞིག་ཡིན་ཞིང་། བོད་དོན་ཐོག་མུ་མཐུད་ལས་འགུལ་སྤེལ་རྒྱུར་བློ་རྩ་བརྟན་པོ་ཡོད་འདུག

 

སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་ནས་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Dr. Zoe མཆོག་ལ་ཕྱི་ཟླ་ ༡༠ པའི་ཕྱོགས་བསྐྱོད་དེས་རྐྱེན་པས་བོད་དོན་ཐོག་གོ་རྟོགས་རྒྱ་ཆེར་འགྲོ་བ་དེར་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་དང་།  Tom Berndt དང་ Elaine  Berndt རྣམ་གཉིས་ལ་བོད་ཀྱི་གྲོགས་པོ་ (Friends of Tibet) ཡི་ཚོགས་མིར་གསར་ཞུགས་གནང་བར་འཚམས་འདྲི་ཞུས་ཡོད་འདུག གཞན་ཡང་ཨོ་སི་ཊོ་ལི་ཡའི་ས་གནས་མང་ཚོགས་ལ་ལག་དེབ་སྔོན་པོ་འཛིན་མཁན་རྣམས་ལ་བོད་ཀྱི་དུས་སྟོན་ལ་སོགས་པའི་ཐོག་སྐུ་མགྲོན་དུ་གདན་འདྲེན་ཞུ་དགོས་པའི་སློབ་སྟོན་ཡང་གནང་ཡོད་འདུག

 

དེ་ཡང་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བདུན་པའི་ཐོག་གྲོས་ཆོད་གཏན་འབེབས་བྱུང་བའི་ནང་བོད་དོན་རྒྱབ་སྐྱོར་བ་གང་མང་ལག་དེབ་སྔོན་པོའི་ཚོགས་མིར་ཞུགས་ཐབས་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།