ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་གཉིས་བསྐྱར་དུ་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༥ ཚེས་ ༢༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝ་རན་ ཨན་ཆི་ (Warren Entsch) མཆོག་དང་། ཚོགས་གཙོ་ལྕམ་སྐུ་སུ་སན་ཊེམ་པལ་མན་ (Susan Templeman) མཆོག་རྣམ་གཉིས་བསྐྱར་དུ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།

འཚམས་འཕྲིན་ནང་འཁོད་དོན། ཁྱེད་རྣམ་པ་གཉིས་སླར་ཡང་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་བོད་མི་ཚང་མ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ཁྱེད་རྣམ་པས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། ད་རེས་ཁྱེད་རྣམ་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་ཨོ་སི་ཀྲོ་ལི་ཡའི་མི་མང་གིས་ཁྱེད་རྣམ་པའི་འགོ་ཁྲིད་གནང་ཕྱོགས་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ། ཁྱེད་རྣམ་པའི་གྲོས་ཚོགས་འཐུས་མིའི་ལས་ཡུན་རིང་། ཨོ་སི་ཀྲོ་ལི་ཡའི་མི་མང་གི་མངོན་འདོད་བསྒྲུབ་རྒྱུའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །