ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


༄༅། །ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འཛིན་སྐྱོང་འགན་འཛིན་ལྕམ་སྐུ་ཛོའེ་ བྷེ་ཌི་ཕོར་ཌི་ (Zoe Bedford) ལགས་ཀྱིས་སྣེ་ཁྲིད་པའི་ཨི་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ཨོ་སི་ཀྲོ་ལི་ཡའི་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་དམིགས་བསལ་གཞིས་སྤོས་ལས་གཞིའི་ཐོག་ནས་མཐུན་འགྱུར་རྒྱབ་སྐྱོར་དང་། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམ་པས་དེ་གའི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་བ། ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་།

བོད་ནང་གི་ཛ་དྲག་གནས་སྟངས་ཐོག དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུངས་དོན། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་ལ་སོ་སོའི་ཕ་མེས་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས་སློབ་གཉེར་བྱ་རྒྱུའི་རང་དབང་འཕྲོག་སྟེ་བཙན་ཤེད་ཐོག་རྒྱའི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་དམར་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་མི་རྣམས་གདུག་སྦྱོང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པ་དང་། དོ་ཕོག་སྐྱེན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་གཏོང་བཞིན་པ། བོད་ནང་རྒྱ་ནག་དམར་གཞུང་གི་དྲག་གནོན་ལ་མི་བཟོད་པར་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གསུངས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས། ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ནང་ཉི་འོང་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པའི་ཊོཀ་ཡོ་སྤྱི་བསྒྲགས་དང་། ཊོཀོ་ཡོ་ལག་བསྟར་འཆར་གཞིའི་སྐོར་ལ་ཞིབ་ཕྲ་ངོ་སྤྲོད་དང་། དེ་བཞིན་ཁོང་རྣམ་པས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་བཅས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།