དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། བོད་དོན་རྒྱབ་སྐྱོར་བ་ཌི་རིའུ་ པེཕ་ལའོ་ལགས་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༧ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། བོད་དོན་རྒྱབ་སྐྱོར་བ་ཌི་རིའུ་ པེཕ་ལའོ་ (Drew Pavlou) ལགས་དང་། སྐུ་ཞབས་ཨན་ཊོ་ནི་ སི་མོལ་ (Antony Small) ལགས་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་མཇལ་འཕྲད་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། རྒྱལ་སྤྱིའི་ནང་ཞུ་སྐུལ་གནང་ཕྱོགས་སོགས་བོད་ནང་གི་གནད་དོན་འདྲ་མིན་ཐོག་དྲི་བ་དྲིས་ལན་བརྒྱུད་བཀའ་བསྡུར་ལྷུགས་པོ་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་ཌི་རིའུ་ པེཕ་ལའོ་ (Drew Pavlou) ལགས་ཀྱིས་དུས་རྒྱུན་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་དང་། རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་བཅས་ཀྱི་སླད་རྒྱ་ནག་དམར་གཞུང་ལ་གདོང་ལེན་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པར་བསྔགས་བརྗོད་དང་། ཆབས་ཅིག་འབྱུང་འགྱུར་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་ལས་འགུལ་གང་མང་སྤེལ་དགོས་པའི་འབོད་སྐུལ་ཞུས་རྗེས།

བཙན་བྱོལ་བོད་མིའི་མང་གཙོ་ནི་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོ་ཡིན་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་ནང་ཁྲིམས་དང་སྒྲིག་གཞི། སྔོན་རྩིས་བཅས་གཏན་འབེབས་གནང་གི་ཡོད་པ།  གཞན་ཡང་རྒྱལ་སྤྱིའི་ནང་གྲོས་ཚོགས་འཐུས་མི་དང་། ཤེས་ལྡན་མི་སྣ་སོགས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་ཞུ་སྐུལ་གནང་བཞིན་ཡོད་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། དེ་བཞིན་ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ནང་བྱིས་པ་སྟོང་ཕྲག་མང་པོ་རྒྱ་ནག་དམར་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་ནང་གི་བོད་མིའི་རིགས་རྫས་གནས་ཚུལ་དཔེ་མཚོན་ (DNA) བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་པ། ཏོག་དབྱིབས་གཉན་རིམས་ ༡༩ ལ་ཁ་གཡར་ཏེ། བོད་མི་རྣམས་ཀྱི་འགྲོ་བསྐྱོད་རང་དབང་ལ་དོ་ཕོག་བཏང་བ་སོགས་གཞིས་བཞུགས་བོད་མི་རྣམས་ལ་ཚད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པའི་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་དམར་གཞུང་གིས་རྒྱལ་ཁབ་ཀྱི་འཛུགས་བསྐྲུན་ཡར་རྒྱས་ལ་ཁ་གཡར་ཏེ། བོད་ནང་ནས་བབས་པའི་གཙང་པོ་ཁག་ལ་ཆུ་རགས་བཙུགས་ཏེ། ཆུ་ཁ་བསྒྱུར་བ་དང་། རྒྱ་ནག་ནང་གི་དཔལ་འབྱོར་ཁོ་ནའི་ཁེ་ཕན་ཆེད་བོད་ཀྱི་ཁོར་ཡུག་ཉམས་ཉེས་ཚབས་ཆེ་བཟོས་དང་། བཟོ་བཞིན་ཡོད་པ་སོགས་ངོ་སྤྲོད་དང་། རྒྱ་ནག་དམར་གཞུང་གིས་མནར་གཅོད་ལ་མི་བཟོད་པར། བོད་ནང་ཡོད་པའི་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་དབྱེར་མེད་ཀྱིས་བོད་དོན་ཆེད་སྐུ་ལུས་མེར་སྲེག་ཕུལ་གནང་ཡོད་པ་སོགས་ཀྱི་སྐོར་གསུངས་གནང་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན་ལ། རྒྱ་ནག་གི་བྱ་སྤྱོད་ལ་བརྟེན་ནས་ཏོག་དབྱིབས་གཉན་རིམས་ ༡༩ འཛམ་གླིང་ཁྱོན་ཡོངས་ནང་ཁྱབ་གདལ་ཤུགས་ཆེ་བྱུང་སྟེ། མི་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་བ་སོགས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་སྐབས། རྒྱལ་སྤྱིའི་ནང་རྒྱ་ནག་གི་གདོང་རིས་ངོ་མ་གསལ་པོར་ཆགས་ཡོད་པ་མ་ཟད། ད་ཆ་བོད་ཀྱི་གནད་དོན་དེ་བཞིན་བོད་མི་ཙམ་གྱི་གནད་དོན་མ་ཡིན་པར་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཡོད་སྐོར་དང་། ཚང་མས་རྒྱ་ནག་དམར་གཞུང་གི་བྱ་སྤྱོད་རྣམས་ཐེར་འདོན་དང་། འགན་ཁུར་ཐུབ་པ་བཟོ་དགོས་སྐོར་སོགས་གསུངས་གནང་ཞིང་། ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་ཌི་རིའུ་ པེཕ་ལའོ་ (Drew Pavlou) ལགས་དང་། སྐུ་ཞབས་ཨན་ཊོ་ནི་ སི་མོལ་ (Antony Small) ལགས་རྣམ་གཉིས་ཀྱིས་ད་རེས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་ཆུ་ཚོད་གཅིག་ཙམ་རིང་བོད་དོན་ཐོག་དྲི་བ་དྲིས་ལན་བརྒྱུད་བཀའ་བསྡུར་ལྷུགས་པོ་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། དེ་བཞིན་བོད་མི་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐོག་འགན་ཁུར་གནང་ཕྱོགས་ཐོག་ནས་ཁོང་རྣམས་ལ་བདེན་པའི་རྒྱབ་ལངས་གནང་རྒྱུར་སྔར་ལྷག་སེམས་ཤུགས་ཆེ་རུ་ཕྱིན་སོང་ཞེས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམ་གཉིས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་ཨིན་ཡིག་ཐོག་ཡོད་པའི་མཛད་རྣམ་ Freedom in Exile ཞེས་པའི་ཕྱག་དེབ་རེ་རེ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་དེབ་ཆུང་། བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་བཅས་ཕུལ་སོང་།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་གནང་ཡོད་པ་བཅས། །