ཨོ་ཌི་ཤ་མངའ་སྡེའི་ཀ་ཊག་གྲོང་ཁྱེར་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་སྤེལ་བ།

༄༅། ། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ནས་རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་བཞིན་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་ཨོ་ཌི་ཤའི་མངའ་སྡེའི་ཀ་ཊག་ (Cuttack) གྲོང་ཁྱེར་དུ་གནས་ཆགས་པའི་ཤྲི་ཤྲི་གཙུག་ལག་སློབ་གཉེར་ (Sri Sri University) ཁང་དུ་ཕེབས་འབྱོར་བྱུང་བ་དང་། སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་འབུམ་རམས་པ་ བྷི་ ཨར་ ཤར་མ་ (Prof (Dr.) B. R. Sharma Vice-Chancellor, Sri Sri university) མཆོག་དང་། རྒྱ་གར་གྱི་སྒྱུ་རྩལ་དང་འབྲེལ་ལམ་སློབ་སྦྱོང་སྡེ་ཚན་གྱི་འགན་ཁུར་བ་སློབ་དཔོན་ ར་ཏི་ཀནཏ་ མོ་ཧ་ པཏ་རཱ་ (Guru Ratikant Mohapatra, Dean, Faculty of Arts, Communication & India Studies, Sri Sri university) མཆོག ངེས་སྟོན་པ་སྐུ་ཞབས་ ར་ཀེཤ་ ཀུ་མར་ ཏྲི་པ་ཐི་ (Rakesh Kumar Tripathi Director, Centre for Indian Knowledge systems, Sri Sri university) མཆོག་བཅས་ནས་ཉེ་བའི་རིགས་བདག་གི་ལས་ཁུངས་སུ་ཕེབས་བསུ་དང་སྣེ་ལེན་ཞུས་སྐབས་༸གོང་ས་མཆོག་གི་མཛད་རྣམ་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་རྗེས། གཙུག་ལག་སློབ་གཉེར་ཁང་དེའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་གོ་སྒྲིག་འོག་འཕགས་བོད་དབར་རིག་གཞུང་དང་། མ་འོངས་འབྲེལ་ལམ་སྐོར་ (India and Tibet: Shared Heritage and Shared Future) གྱི་ཚོགས་འདུ་ཚོགས་ཡུལ་ཤ་རུ་ཏི་ཚོགས་ཁང་ (Shruti Hall) དུ་སྤྱི་འཐུས་རྣམས་གདན་འདྲེན་ཞུས་མཚམས་བླ་ཆེན་ཤྲི་ཤྲི་ ར་ཝིན་ ཤན་ཀར་ (Sri Sri Ravi Shankar) མཆོག་གི་སྐུ་པར་མདུན་དུ་མཆོད་མེ་ཞལ་འབྱེད་དང་། གཙོ་སྐྱོང་བ་སྐུ་ཞབས་ ར་ཀེཤ་ ཀུ་མར་ ཏྲི་པ་ཐི་ མཆོག་ནས་དེ་རིང་གི་ཚོགས་འདུའི་བརྗོད་གཞི་སྙིང་བསྡུས་ངོ་སྤྲོད་ཞུས་མཚམས་རྒྱ་གར་གྱི་གནའ་བོའི་བྲོ་གར་གཟིགས་འབུལ་ཞུས་རྗེས། ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་འབུམ་རམས་པ་ བྷི་ ཨར་ ཤར་མ་ མཆོག་ནས་ཕེབས་བསུའི་གསུང་བཤད་དང་འབྲེལ་སྤྱི་འཐུས་རྣམ་པ་ངོ་སྤྲོད་དང་། འཕགས་བོད་ལོ་རྒྱུས་དང་ཆོས་རིག་འབྲེལ་ལམ་སྐོར་ལ་གསུང་བཤད་གནང་།

དེ་ནས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་གནའ་རབས་འཕགས་བོད་ཆོས་རིག་འབྲེལ་ལམ་སྐོར་དང་། ལྷག་པར་དུ་བོད་མི་བཙན་བྱོལ་བ་རྣམས་ཀྱིས་འཕགས་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་གཅེས་ཇི་གནང་། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྙིང་དོན། བོད་ནང་དུ་རྒྱ་དམར་གྱི་བཙན་དབང་འོག་དགོན་སྡེ་སྟོང་ཕྲག་དྲུག་ལྷག་གཏོར་བཤིག་བཏང་བ་དང་། ད་ལྟའི་ཆར་དགོན་སྡེ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་སོགས་ཀྱིས་སུན་གཙེར་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་སོགས་ངོ་སྤྲོད་དང་།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ནས་བོད་བཙན་པོའི་དུས་རབས་ནས་བཟུང་དཔལ་ན་ལེནྜའི་ཆོས་རིག་རྣམས་བོད་དུ་དར་ཁྱབ་བྱུང་སྟངས་དང་། བོད་རང་བཙན་སྐབས་ཀྱི་འཕགས་བོད་འབྲེལ་བའི་གནས་སྟངས། བོད་དོན་དེ་རྒྱ་གར་ལ་གནད་འགག་གལ་ཆེ་ཆགས་ཀྱི་ཡོད་པ། འཕགས་བོད་ས་མཚམས་ཀྱི་གནས་སྟངས། བོད་ཀྱི་གཙང་ཆུ་ཁག་གིས་ལྷོ་ཤར་ཨེ་ཤེ་ཡའི་སྤྱི་ཚོགས་ལ་ཕན་ཐོགས་ཇི་ལྟར་འབྱུང་གི་ཡོད་པའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། མཐོ་སློབ་ཀྱི་སློབ་མ་རྣམས་མ་འོངས་པར་གུ་རུ་ཀུལ་སྡེ་ཚན་ནང་མཉམ་ཞུགས་ཀྱིས་བཞུགས་སྒར་དུ་ཆེད་ཕེབས་ཡོང་བ་བཅས་གསུངས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་ངོ་སྤྲོད་བཅས་གནང་། གཙོ་སྐྱོང་བ་སྐུ་ཞབས་ ར་ཀེཤ་ ཀུ་མར་ ཏྲི་པ་ཐི་ མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་མཚམས་རྒྱ་གར་གྱི་རྒྱལ་གླུ་བཏང་བ་དང་མཉམ་འཛོམས་ཀྱི་འདྲ་པར་བླངས་ཡོད་འདུག


ཚོགས་ཐོག་དེར་དགེ་སློབ་ ༡༥༠ ཙམ་མཉམ་ཞུགས་བྱུང་ཡོད་པས་སྐད་ཡིག་མ་འདྲ་བ་གསུམ་ནང་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་འགྲེམ་སྤེལ་གནང་བ་དང་། དེ་རྗེས་ཆུ་ཚོད་ཕྱེད་ལྷག་རིང་སྤྱི་འཐུས་རྣམས་སྣུམ་འཁོར་ནང་གདན་ཞུས་ཀྱིས་མཐོ་སློབ་ཀྱི་སྡེ་ཚན་ཁག་ལ་གཟིགས་སྐོར་ཁྲིད་གནང་ཡོད། གཞི་རྩའི་གཙུག་ལག་སློབ་གཉེར་ཁང་དེར་རིགས་སྡེ་མ་འདྲ་བ་ ༩ དང་། སློབ་ཕྲུག་ ༣༠༠༠ ལྷག ས་ཆ་ཨེ་ཀར་ ༢༠༠ ལྷག་བཅས་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ཨོ་ཌི་ཤའི་མངའ་སྡེའི་ཀ་ཊག་ (Cuttack) གྲོང་ཁྱེར་དུ་གནས་ཆགས་པའི་ར་ཝེན་ཤའོ་གཙུག་ལག་སློབ་གཉེར་ (Ravenshaw University) ཁང་དུ་ཕེབས་འབྱོར་བྱུང་བ་དང་། སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་ སང་ཇེའ་ ཀེ་ ན་ཡཀ་ (Prof. Sanjay K. Nayak, Vice-Chancellor, Ravenshaw University) མཆོག་དང་། སློབ་སྤྱི་སློབ་དཔོན་ཆེན་མོ་ ལུ་ན་ སཱ་མན་ཏཱ་ (Prof Luna Samanta, Chairperson, Post-graduate Council, Ravenshaw University) མཆོག སྲིད་དོན་ཚན་རིག་སྡེ་ཚན་གྱི་འགན་འཛིན་འབུམ་རམས་པ་ ནེ་ཏ་ཇེེ་ ཨ་བྷི་ནན་དྷན་ (Dr. Netajee Abhinandan Head, Department of Political Science, Ravenshaw University) མཆོག་བཅས་ནས་ཉེ་བའི་རིགས་བདག་གི་ལས་ཁུངས་སུ་ཕེབས་བསུ་དང་སྣེ་ལེན་ཞུས་རྗེས། གཙུག་ལག་སློབ་གཉེར་ཁང་དེའི་སྲིད་དོན་ཚན་རིག་སྡེ་ཚན་ནས་གོ་སྒྲིག་གནང་བའི་འཕགས་བོད་དབར་རིག་གཞུང་དང་། མ་འོངས་འབྲེལ་ལམ་སྐོར་ (India and Tibet: Shared Heritage and Shared Future) ཞེས་པའི་བརྗོད་གཞི་དང་འབྲེལ་བའི་ཚོགས་འདུ་ཚོགས་ཡུལ་དུ་སྤྱི་འཐུས་རྣམས་གདན་འདྲེན་ཞུས་མཚམས་ཕན་ཚུན་ཕྱག་རྟགས་འབུལ་རེས་སྐབས་ཉེ་བའི་རིགས་བདག་མཆོག་ལ་༸གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བ་དང་། སྲིད་དོན་ཚན་རིག་སྡེ་ཚན་གྱི་འགན་འཛིན་འབུམ་རམས་པ་ ནེ་ཏ་ཇེེ་ ཨ་བྷི་ནན་དྷན་ མཆོག་ནས་སྤྱི་འཐུས་རྣམས་ངོ་སྤྲོད་དང་། སློབ་སྤྱི་སློབ་དཔོན་ཆེན་མོ་ ལུ་ན་ སཱ་མན་ཏཱ་ (Prof. Luna Samant, CPGC, Ravenshaw University) མཆོག་ནས་མཐོ་སློབ་ངོ་སྤྲོད་དང་། འཕགས་བོད་འབྲེལ་ལམ་སྐོར་གྱི་གལ་གནད་རྣམས་ངོ་སྤྲོད་གནང་ཡོད།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་དང་འབྲེལ་བའི་ཚོགས་འདུ་གོ་སྒྲིག་གནང་བར་ཐུགས་རྗེ་ལེགས་གསོལ་དང་། འཕགས་བོད་གནའ་རབས་ལོ་རྒྱུས་ངོ་སྤྲོད། བཙན་བྱོལ་ནང་བོད་ཕྲུག་རྣམས་ལ་སློབ་སྦྱོང་སོགས་ཀྱི་གོ་སྐབས་ཇི་ཐོབ། རྒྱ་ནག་དམར་པོའི་བཙན་གནོན་འོག་བོད་མི་འབུམ་ ༡༢ ལྷག་དུས་མིན་རྐྱེན་འདས་ཕྱིན་པའི་སྐོར་དང་། བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་རྒྱལ་ཞེན་ལྷག་བསམ་ལ་འགྱུར་བ་མེད་པའི་ཐོག་ཕྱི་ལོ་ ༡༩༨༠ ནང་དང་། ༢༠༠༨ ལོ། ༢༠༠༩ ལོ་ནས་བཟུང་རང་ལུས་མེར་སྲེག་གི་གནས་སྟངས་སོགས་བོད་དོན་ལས་འགུལ་སྐོར་དང་། མ་འོངས་མི་རབས་གསར་པའི་འགོ་ཁྲིད་ཁྱེད་རྣམས་ཀྱིས་སོ་སོའི་རྣམ་དཔྱོད་དང་ལས་རིགས་སོགས་དང་མཐུན་པའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་སྐོར་གསུངས་པ་དང་།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ནས་གནའ་རབས་འཕགས་བོད་ཆོས་རིག་གི་འབྲེལ་ལམ་སྐོར་དང་། བོད་རང་བཙན་སྐབས་ཀྱི་ཆིངས་ཡིག་ཁག་ངོ་སྤྲོད། འཕགས་བོད་མཐའ་མཚམས་ཀྱི་གནས་བབ། བོད་ཀྱི་གཙང་ཆུ་ཁག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་རྣམས་ལ་གལ་གནད་ཇི་ཆགས། བོད་ཕྲུག་རྣམས་རྒྱ་ནག་གི་གཏན་འཇགས་སློབ་གྲྭར་བཅུག་པའི་གནས་སྟངས་སྐོར་བཅས་ངོ་སྤྲོད། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་གིས་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཇི་ལྟར་ཆགས་ཡོད་པའི་སྐོར་དང་། ད་ལན་བོད་དོན་ཞུ་སྐུལ་གྱི་ལས་དོན་ངོ་སྤྲོད་བཅས་གནང་ཡོད།

སྐུ་མགྲོན་གཙོ་བོ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་ སང་ཇེའ་ ཀེ་ ན་ཡཀ་ མཆོག་ནས་འཕགས་བོད་ཆོས་རིག་འབྲེལ་ལམ་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་པ་ཁག་ཅིག་ངོ་སྤྲོད། སྤྱི་འཐུས་རྣམ་པས་གསུངས་པའི་གནད་དོན་གལ་ཆེ་འགའ་ནན་བརྗོད་བཅས་གནང་འདུག དེ་རྗེས་སྐར་མ་ ༡༥ རིང་གོང་གསལ་དོན་གནད་ཁག་དང་འབྲེལ་བའི་དོགས་འདྲི་བྱུང་བ་རྣམས་ལ་ལན་འདེབས་དང་སྐད་ཡིག་གསུམ་ནང་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་འགྲེམ་སྤེལ་གནང་ཡོད་འདུག

སྐབས་དེར་མི་གྲངས་ ༧༠ ལྷག་ཚོགས་ཞུགས་གནང་ཡོད་པ་དང་ཚང་མའི་མཉམ་པར་ཡང་བླངས་ཡོད་པ་རེད། ཚོགས་འདུ་གྲོལ་མཚམས་མཐོ་སློབ་དེའི་སྡེ་ཚན་ཁག་ལ་གཟིགས་སྐོར་དང་། ལྷག་པར་དུ་ལོང་ཡིག་ཐོག་འཁོད་པའི་ཨིན་ཇིའི་ཚིག་མཛོད་ཆེན་མོ་སོགས་གལ་ཆེའི་དེབ་རིགས་ཁག་ངོ་སྤྲོད་གནང་ཡོད་འདུག
མཐོ་སློབ་ཀྱི་ལྟེ་བར་ས་ཆ་ཨེ་ཀར་ ༩༠ ཙམ་དང་། ཉེ་འགྲམ་སྡེ་ཚན་གཞན་ལ་ས་ཆ་ཨེ་ཀར་ ༤༠༠ ལྷག་ཡོད་འདུག་ཅིང་། མཐོ་སློབ་འདི་ཉིད་ཕྱི་ལོ་ ༡༨༦༨ ལོར་གསར་འཛུགས་གནང་བ་ཞིག་དང་ད་ལྟའི་ཆར་སློབ་ཕྲུག་ཁྲི་གསུམ་ལྷག་ཡོད་པ་ཞིག་རེད་འདུག