ཨེ་ནེ་སི་ཀེན་ཊར་ ཧྥི་རི་ཌམ་ལགས་ལ་བཀའ་དྲིན་རྗེས་དྲན་ཆེད་སིལ་སྤོལ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།

༄༅། །ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ ཧྥི་རི་ཌམ་ (Enes Kanter freedom) ལགས་ཀྱིས་རྒྱལ་སྤྱིའི་ནང་བོད་དོན་གླེང་སློང་གནང་བར་བཀའ་དྲིན་རྗེས་དྲན་ཆེད། རྡ་སར་གནས་བཞུགས་ན་གཞོན་དང་བླངས་རུ་ཁག་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༡ ཉིན་ནས་འགོ་འཛུགས་ཏེ་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་སིལ་སྤོལ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེའི་སིལ་སྤོལ་དབུ་འཛུགས་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་དུ་མེངྒ་ལོར་ས་གནས་ཉེན་རྟོག་དཔོན་ (SHO, Mcleodganj)  ཆེད་ཕེབས་གནང་འདུག

རྩེད་འགྲན་དབུ་འཛུགས་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ད་རེས་གཞོན་སྐྱེས་ལྔ་ཡིས་མ་སྐུལ་དང་བླངས་ཐོག་སིལ་སྤོལ་རྩེད་འགྲན་འདི་འདྲ་ཞིག་གོ་སྒྲིག་གནང་བ་དང་། དེ་ཡང་ང་ཚོའི་འཐབ་རྩོད་དང་འབྲེལ་བ་ཡོད་བསྡད་པ་ཞིག་རེད། དེ་ང་ཚོའི་འཐབ་རྩོད་དང་འབྲེལ་བ་ཇི་ལྟར་ཡོད་རེད་ཟེར་ན། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ (Enes Kanter) ལགས་ཊར་ཀིའི་ (Turkey) མི་རྒྱུད་ཡིན་པ་ཞིག་ཨ་རིར་སླེབས་ཚར་བའི་རྗེས་ལ། ཁོང་གིས་སོ་སོའི་མཚན་གི་རྗེས་སུ་རང་དབང་ (Freedom) ཞེས་པ་བཏགས་ནས་རང་དབང་གི་ཐོག་ལ་རྩེད་མོ་མཁས་པའི་ནང་གི་འཐབ་རྩོད་གནང་མཁན་གྱི་བང་ཆེན་ལྟ་བུ་ཞིག་ཆགས་ཡོད། དེ་འདྲ་གནང་རྒྱུ་ལས་སླ་པོ་ཞིག་མིན་པར་མ་ཟད། དེས་རྐྱེན་པས་སོ་སོའི་མདུན་ལམ་དང་། ལྟོ་གོས་ཀྱི་ཡོངས་ཁུངས་སོགས་ལ་འགོག་རྐྱེན་ཆགས་རྒྱུའི་ཉེན་ཁ་ཡོད་རེད། འོན་ཀྱང་ཁོང་གིས་དེ་དག་ཆ་ཚང་བློས་བཏང་གིས་བོད་མི་རིགས་དང་། ཡུ་གུར། ཧོང་ཀོང་སོགས་འཐབ་རྩོད་གནང་བཞིན་པའི་མི་མང་ཚོའི་ཆེད་དུ་རང་དབང་དགོས་པའི་གླེང་སློང་དང་རྒྱབ་སྐྱོར་གནང་བར་བརྟེན། ཁོང་ཉིད་སིལ་སྤོལ་རྩེད་མཁན་གྲགས་ཅན་ཞིག་ཡིན་པའི་ཐོག རང་དབང་གི་ནུས་པ་ཡོད་པའི་གཞོན་སྐྱེས་ཀྱི་འཐབ་རྩོད་པ་གྲགས་ཅན་ཞིག་ཀྱང་ཆགས་ཡོད། ད་རེས་ཀྱི་རྩེད་འགྲན་གོ་སྒྲིག་ཞུས་པ་དེས། སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ ཧྥི་རི་ཌམ་མཆོག་ཙམ་མིན་པར། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆར་ཌི་ གྷེར་ (Richard Gere) མཆོག་སོགས་མི་རིགས་གཞན་གྱི་ངོས་ནས་བོད་དང་། རང་དབང་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་མཁན་ཡོངས་རྫོགས་ལ་བཀའ་དྲིན་རྗེས་དྲན་ཆགས་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།

སྤྱིར་རྩེད་འགྲན་སྐབས་ཐོབ་ཤོར་ཡོང་གི་རེད། ཐོབ་ཤོར་དེ་གལ་ཆེན་པོ་མ་རེད། ད་བར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་ལོ་གཅིག་ལྷག་ང་ཚོ་ནང་ལ་བསྡད་དགོས་བྱུང་སྟེ། རྩེད་མོ་རྩེ་འདོད་ཡོད་ནའང་རྩེ་རྒྱུ་མེད་པ་ཆགས་པ་དེ་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་ལ་འགན་མ་ཁྱེར་བར་བརྟེན་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད་རེད། ད་ཆ་ཚང་མས་རང་དབང་དེ་ཇི་ཙམ་གལ་ཆེན་པོ་ཡིན་པ་སྔར་ལྷག་ཤེས་རྟོགས་ཐུབ་པ་དང་། ཁྱེད་ཚོ་གཞོན་སྐྱེས་ཚོས་མ་སྐུལ་དང་བླངས་ཐོག་ནས་རྩེད་རིགས་འདི་འདྲ་ཞིག་གོ་སྒྲིག་ཞུས་པ་དེས་མཚོན་ཐུབ། རྩེད་མོ་གང་འདྲ་ཞིག་རྩེ་བ་ཡིན་ནའང་། སོ་སོའི་ནུས་པར་དཔག་པའི་འགན་མི་འདྲ་བ་ཡོད་པ་རེད། དེ་བཞིན་ང་ཚོའི་འཐབ་རྩོད་ཐོག་ལ་ཡིན་ནའང་། ཚང་མར་སོ་སོའི་འགན་ཡོད་རེད། འགན་ཡོད་པ་དེ་དག་ཚང་མས་ཁུར་དགོས་པ་གལ་ཆེན་པོ་རེད། ད་རེས་རྩེད་འགྲན་དེ་བཞིན་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ ཧྥི་རི་ཌམ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་གོ་སྒྲིག་ཞུས་པ་ཞིག་ཡིན་དུས། རྩེད་མོ་ཐོབ་ཤོར་གང་བྱུང་བ་ཡིན་ནའང་། འཐབ་རྩོད་བྱེད་མཁན་གྱི་མི་མང་ཚང་མར་རྩེད་མོ་འདི་བརྒྱུད་ནས་རང་དབང་འཐབ་རྩོད་ལ་ནུས་པ་ལྡན་པ་ཡོང་བའི་ཀུན་སློང་ཁྱེར་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་གནང་སོང་།

དམིགས་བསལ་སྐུ་མགྲོན་མེངྒ་ལོར་ས་གནས་ཉེན་རྟོག་དཔོན་ (SHO Mcleodganj)  གྱིས་རྩེད་འགྲན་དབུ་འཛུགས་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། རྩེད་འགྲན་འདི་འདྲའི་རིགས་གོ་སྒྲིག་ཞུས་པ་དེས་སྤྱི་ཚོགས་ནང་ཁུལ་མཐུན་སྒྲིལ་ལ་ཕན་ཐོགས་ཡོད་སྐོར་དང་། འབྱུང་འགྱུར་ཡང་རྩེད་འགྲན་འདི་འདྲ་མང་ཙམ་གོ་སྒྲིག་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་རྗེས། ཐེངས་འདིའི་རྩེད་འགྲན་འགོ་འཛུགས་གནང་སོང་།

ཐེངས་འདིའི་བུའི་སིལ་སྤོལ་འགྲན་བསྡུར་ནང་བོད་མིའི་སྒྲིག་འཛུགས་དང་། གྷོ་པལ་སྤུར། ནོར་གླིང་། སིམ་ལ་སོགས་རུ་ཁག་བཅུ་དྲུག་དང་། བུ་མོའི་སིལ་སྤོལ་འགྲན་བསྡུར་ནང་མེངྒ་ལོར་དང་། གངས་སྐྱིད་རུ་ཁག་སོགས་བཞི་ཡོད་འདུག