
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ པའི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇུ་ཀུ་ ཀཱ་ལེ་ རཡེ་ཌི་ (MP Juku-Kalle Raid, Chair of the Tibet Support Group in the Estonian Parliament) མཆོག་གིས་སྣེ་ཁྲིད་པའི་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། བོད་དང་། ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་གཉིས་དབར་ཡུན་རིང་ནས་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་བ་སོགས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞི་རྩའི་ཨི་སི་ཊོ་ནི་ཡ་ཚུད་པའི་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཀྱང་ལོ་རྒྱུས་ཐོག་ཕྱིའི་བཙན་འཛུལ་འོག་སྡུག་སྦྱོང་མནར་གཅོད་དང་། རང་དབང་འཐབ་རྩོད་གནང་བའི་བརྒྱུད་རིམ་གནས་སྟངས་ང་ཚོ་དང་གཅིག་པ་འདྲ་པོ་ཆགས་ཀྱི་ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ཝ་ནི་ཡ་དང་། ཕྱི་ལོ་ ༢༠༡༩ ལོར་ལཏ་ཝི་ཡ་སོ་སོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་པ་དང་། བདུན་པ་བསྐོང་ཚོགས་གནང་ཐུབ་ཡོད་ཅེས་གསུངས།

གཞན་ཡང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང་། བཙན་བྱོལ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོའི་ཐོག་བསྐྱོད་བཞིན་ཡོད་པ་དང་། བོད་དོན་འཐབ་རྩོད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སླེབས་ཐུབ་ཡོད་སྐོར་སོགས་གསུངས་རྗེས། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་། ཉེ་ཆར་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཞག་པའི་ལག་བསྟར་འཆར་གཞི་དང་། གྲོས་ཆོད་བཅས་ལག་བསྟར་ཡོང་རྒྱུར་མཉམ་རུབ་ཀྱི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་སོང་།

དེ་ཉིན་དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་རྡ་རམ་ས་ལ་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པར་གསོལ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།

ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནང་གྲོས་ཚོགས་འཐུས་མི་འབུམ་རམས་པ་ ཊིཊ་མཱ་རན་ (MP Tiit Maran (PhD)) མཆོག་དང་། གྲོས་ཚོགས་འཐུས་མི་ཨན་ཊི་པུ་ལཱ་མེ་ཊི་ (MP Anti Poolamets) མཆོག གྲོས་ཚོགས་འཐུས་མི་ འབུམ་རམས་མར་གིཊ་སུ་ཊོ་རོ་ཕི་ (MP Margit Sutrop (Professor, PhD)) མཆོག་བཅས་དང་། དེ་བཞིན་ཨི་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རོཡེ་སི་ཊིརི་ཌར་ (Roy Strider, Coordinator of the Tibet Support Group in the Estonian Parliament) ལགས་སོགས་ཕེབས་འདུག་པ་བཅས།
