
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༩ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག ཨི་ཊ་ལཱི་རྒྱལ་ཁབ་ཀྱི་ཨེ་མི་ལི་ཡ་ རོ་མག་ནཱ་ (Emilia Romagna) མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་སེ་ པར་མ་ (Alice Parma) མཆོག་དང་། སྐུ་ཞབས་ཨོ་སཱ་ནཱ་ མེ་ཊེའོ་ (Osanna Matteo) མཆོག་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། བོད་ནང་ལོ་ངོ་བརྒྱ་ཕྲག་གོང་ལ་ཨི་ཊ་ལཱི་ནས་ཡིན་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཁ་ཕོ་ཆིན་ (Capuchin) དང་། རྗེ་སོ་ཊ་ (Jesuit) བོད་ནང་སླེབས་པ་སོགས་ཨི་ཊ་ལཱི་དང་བོད་དབར་བོད་ས་མ་ཤོར་བའི་གོང་ནས་འབྲེལ་བ་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་གྱར་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལཱི་རྒྱལ་ཁབ་ནང་ཐེངས་མང་པོ་ཆིབས་སྒྱུར་བསྐྱངས་པའི་ཐོག་ནས་དེ་གའི་གཞུང་དང་། གྲོས་ཚོགས། མི་མང་བཅས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་བཅས་ད་ལྟའི་ཆར་ཡུ་རོབ་ནང་ནས་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་ཤོས་འདྲ་པོ་ཆགས་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་རོམ་དང་། མི་ལན་སོགས་ནས་མི་སེར་གྱི་ཆེ་བསྟོད་ཕྱག་འཁྱེར་འབུལ་གནང་མཛད་ཡོད་པ། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལཱིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་བསྐོང་ཚོགས་ཐུབ་པ། ཨི་ཊ་ལཱི་གྲོས་ཚོགས་ནང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཁོར་ཡུག་དང་འབྲེལ་བའི་ཐོག་སྔ་རྗེས་གྲོས་ཆོད་གཏན་འབེབས་གནང་ཡོད་པ། ཨི་ཊ་ལཱི་མི་མང་གི་ཐོག་ནས་ཀྱང་བོད་ནས་རྒྱ་གར་ནང་སླེབས་པའི་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་ལ་མཐུན་འགྱུར་གནང་གི་ཡོད་སྐོར་སོགས་གསུངས་སོང་།

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོ་བོ་གསུངས་དོན། རྒྱ་ནག་དམར་གཞུང་གིས་བོད་ནང་གི་བརྟན་རླིང་ལ་ཁ་གཡར་ཏེ། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་སྲུང་སྐྱོབ་དང་གཅེས་འཛིན་བྱེད་མཁན་དེ་ཚོར་ཉེས་མེད་ཉེས་འཛུགས་བྱས་ནས་ཁྲིམས་འགལ་བཙོན་འཇུག་བྱེད་བཞིན་ཡོད་པ་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་བཀོལ་སྤྱོད་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་སོགས་འཕྲོག་ཡོད་པའི་ཛ་དྲག་གནས་སྟངས་སྐོར་དང་། དེ་བཞིན་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ཏེ། རང་བྱུང་གཏེར་ཁ་ཚད་མེད་བསྔོག་བཏོན་དང་། བོད་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་བབས་པའི་ཆུ་བོ་ཆེ་ཁག་ལ་ཆུ་མཛོད་བརྒྱབ་ཏེ། ཆུའི་དབང་བསྒྱུར་བྱེད་བཞིན་ཡོད་པ། བོད་ཕྲུག་རྣམས་སོ་སོའི་ཕ་མ་དང་ཁ་ཕྲལ་ཏེ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་སྐོར་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་སོང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱུང་ཡོད་ཀྱང་། རྒྱ་ནག་དམར་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་ཐུབ་མེད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མུ་མཐུད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད་སྐོར་སོགས་གསུངས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས།


