ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཀེ་ནི་ཌིའི་ཤེས་ཡོན་ལྟེ་གནས་ཁང་གི་ཁྱབ་ཁོངས་འགོ་ཁྲིད་དང་། བདེ་སྐྱིད་བརྟག་དཔྱད་ཁང་གི་འགན་འཛིན་སློབ་དཔོན་སྐུ་ཞབས་ཨར་ཐར་ བྷུ་རུག་སི་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༣༠ ཐོག་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཀེ་ནི་ཌིའི་ཤེས་ཡོན་ལྟེ་གནས་ཁང་ (Harvard Kennedy School’s Centre for Public Leadership) གི་འགོ་ཁྲིད་དང་། བདེ་སྐྱིད་བརྟག་དཔྱད་ཁང་གི་ (The Leadership & Happiness Laboratory) འགན་འཛིན་སློབ་དཔོན་སྐུ་ཞབས་ཨར་ཐར་ བྷུ་རུག་སི་ (Prof. Arthur Brooks) མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་ཏེ་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་ཡོད། དེ་ཡང་ཐོག་མར་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པར་འཚམས་འདྲིའི་དགའ་བསུ་ཞུས་པ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་དང་། སྤྱི་འཐུས་ལྷན་ཁང་གི་གྲུབ་ཆ། ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་སོང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་དུ་ཚོགས་གཞོན་མཆོག་ནས་ཁོང་རྣམས་ལ་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ནའང། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་དམར་གཞུང་གིས་བོད་ཀྱི་སྐུ་ཚབ་ཚོར་གནོན་ཤུགས་སྤྲད་དེ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་གི་ཐོག་མིང་རྟགས་འགོད་དུ་བཅུག་ཡོད་པ་དེ་རྒྱ་ནག་ལ་བོད་རྒྱ་ཁོངས་སུ་ཡིན་པར་ཤོད་པའི་མི་ཙམ་གྱི་ལག་ཆ་ཙམ་མ་གཏོགས་དོན་དངོས་སུ་ལག་ལེན་ཅི་ཡང་བྱས་མེད། ད་བར་ཤེས་རྟོགས་བྱུང་བ་བོད་ནང་བོད་མི་གྲངས་ ༡༥༧ ཙམ་གྱིས་རང་ལུས་མཆོད་མེར་ཕུལ་གནང་ཡོད་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་བོད་དུ་རང་དབང་དགོས་པ་དེ་ཁོང་རྣམ་པའི་འབོད་སྒྲ་གཙོ་བོ་དེ་ཡིན། རྒྱ་ནག་གིས་ཕྱིའི་འཛམ་གླིང་དུ་བོད་ལ་རང་དབང་ཆ་ཚང་ཡོད་པ་འགྲེལ་གྱི་ཡོད་ནའང་གལ་ཏེ་རྒྱ་ནག་དམར་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ལྟར་ལག་ལེན་དུ་བསྟར་ཡོད་ན་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་དགོས་དོན་མེད་སྐོར་གསུངས་སོང་།

ད་ལྟ་ཡིན་ནའང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ། སྨྲ་བརྗོད་རང་དབང་མེད་པ། ཆོས་དད་རང་དབང་མེད་པ་མ་ཟད་རྒྱ་ནག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བསྐོ་གཞག་བྱ་རྒྱུའི་སྲིད་བྱུས་ངན་པ་འདིང་བཞིན་པ་དང་། ཁོང་རྣམ་པའི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་དང་གནང་སྒོ་ཁག་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་ཅི་ཡང་མེད་ཀྱང་ད་དུང་ཡང་བྱས་དང་བྱེད་མུས་ཡིན་པ་སྐོར་གསུངས་གནང་སོང་། གཞན་ཡང་ཚོགས་གཞོན་མཆོག་ནས་རྒྱ་ནག་དམར་གཞུང་གིས་བོད་ནང་གི་བྱིས་པ་སྟོང་ཕྲག་མང་པོ་སོ་སོའི་ཕ་མ་ནང་མི་སྤུན་མཆེད་དང་ཁ་བྲལ་བཏང་ནས་རྒྱ་ནག་དམར་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་དུ་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པའི་སྒང་བྱིས་པ་རྣམས་པའི་སེམས་ཁམས་ནང་དུའང་བོད་པའི་རིག་གཞུང་དང་སྐད་ཡིག་སོགས་རྩ་བ་ནས་ཁ་བྲལ་གཏོང་ཐབས་བྱེད་མུས་ཡིན་པའི་སྐོར་གསུངས་གནང་སོང་།

བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ནའང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་རྒྱ་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་རྩོད་བཞིན་ཡོད་པའི་སྐོར་གསུངས་གནང་སོང་། དེ་ནས་བོད་ཀྱི་ས་ཆའི་རྒྱ་ཁྱོན་དང་ཁོར་ཡུག་དེ་དག་གིས་བོད་མི་ཙམ་དུ་མ་ཟད་འཛམ་་གླིང་ཡོངས་ལ་གལ་གནད་ཇི་ཙམ་ཆེན་པོ་ཆགས་ཡོད་མིན་སྐོར་དང་ལྷག་པར་དུ་གོ་ལའི་ཚ་དྲོད་དང་འབྲེལ་བ་ཁ་ཐུག་ཡོད་སྐོར་འགྲེལ་བརྗོད་གནང་སོང་། གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཚབ་ཚོགས་ཆུང་འདི་བརྒྱུད་ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་། ལྷག་པར་དུ་ཨ་རི་ནི་བོད་ཀྱི་ཆབ་སྲིད་ཐོག་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་པ་མ་ཟད། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་བ་དང་། གྲོས་ཆོད་དེའང་བོད་དང་བོད་མིའི་རྩ་དོན་ལ་ཨ་རིའི་སྲིད་དོན་ཚོགས་པ་ཕྱོགས་གཉིས་ཀའི་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་མཚོན་གྱི་ཡོད་པ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཤིན་ཏུ་ནས་ཆེ་ཞུས་གནང་སོང་།

གྲོས་ཆོད་དེའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་བོད་ཀྱི་དབུ་འཁྲིད་རྣམས་དང་ལྷན་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་བོད་རྒྱའི་དཀའ་རྙོག་སེལ་བའི་ཐད་གྲོས་མོལ་བྱེད་རྒྱུ་གསལ་ཡོད། དེར་བརྟེན་ཁོང་རྣམ་པ་བརྒྱུད་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ནང་ཀྱང་དེ་ལྟར་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་གནང་རོགས་ཞེས་གསུངས་གནང་བ་དང་དེ་ནས་སྐུ་ཚབ་རྣམས་པའི་བཀའ་འདྲི་རྣམས་པ་དང་ལེན་གནང་ཡོད་པ་བཅས།