ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཌ་མོན་ ཝིལ་སན་ (Damon Wilson) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཌ་མོན་ ཝིལ་སན་ (Damon Wilson) མཆོག་དང་། ལས་བྱེད་པདྨ་ལགས། ལས་བྱེད་མོ་ན་ཌེ་ཝི་ (Mona Dave) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་ཡོད།


སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་གནང་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གིས་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་ཡོང་ཐབས་དང་། ལྷག་པར་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འབྱུང་འགྱུར་མུ་མཐུད་མཉམ་རུབ་ཐོག་ལས་དོན་གནང་རྒྱུའི་རེ་བ་ཡོད་ཅེས་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་དོན་ཞུ་སྐུལ་གནང་སྐབས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ངོས་ནས་མཐུན་འགྱུར་གནང་ཐབས་ཡོང་རྒྱུའི་སྐོར་གསུངས་གནང་སོང་།

སྐུ་ཞབས་ཌ་མོན་ ཝིལ་སན་མཆོག་གིས་མང་གཙོ་སྤྱི་དང་། ལྷག་པར་དུ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ངོས་ནས་རྟག་ཏུ་རྒྱབ་སྐྱོར་ཡོད་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་ཡོང་ཐབས་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པར་མཐུན་འགྱུར་གནང་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་སོང་།

དེ་རྗེས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་ཕན་ཚུན་བཀའ་བསྡུར་སྐབས། བོད་ནང་བྱིས་པ་སྟོང་ཕྲག་མང་པོ་རྒྱ་ནག་དམར་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། བོད་ནང་གི་བོད་མིའི་རིགས་རྫས་གནས་ཚུལ་དཔེ་མཚོན་ (DNA) བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་པ་སོགས་ཀྱི་ཐོག་གསུངས་གནང་ཡོད་པ་བཅས། །