
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༨ ཉིན་ཨ་རིའི་མེ་ས་ཆུ་སེཊ་གྲོང་ཁྱེར་ཨེམ་ཧེ་སི་ (Amherst) དུ་རྟེན་གཞི་བྱས་པའི་ཡི་ཤུའི་ལྷ་ཁང་ Redeemer Church ནང་ཨ་རིའི་མེ་ས་ཆུ་སེཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༡༨ འཁོར་བའི་དུས་དྲན་ཁྱད་པར་ཅན་སྲུང་བརྩི་ཞུས་འདུག

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག་དང་། གཞན་མེ་ས་ཆུ་སེཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཉེ་འཁོར་མཐོ་སློབ་ཁག་གི་སློབ་ཕྲུག་བཅས་འདུ་འཛོམས་གནང་ཡོད་འདུག

སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཀྱི་ལོ་རྒྱུས་ཀྱི་གལ་གནད་རང་བཞིན་དང་འབྲེལ་ནས་གསུངས་དོན། གཟེངས་རྟགས་དེ་བཞིན་ཨ་རིའི་ནང་གི་མེ་སེར་ཆེ་བསྟོད་གཟེངས་རྟགས་ཆེ་ཤོས་ཤིག་ཡིན་པ་དང་། ཨ་མི་རི་ཀའི་གསར་བརྗེའི་ལས་འགུལ་སྤེལ་སྐབས་གཟེངས་རྟགས་དེ་བཞིན་གནང་འགོ་བཙུགས་ཤིང་། སྐབས་དེ་དུས་སྤྱི་ཚོགས་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུ་ཞབས་འདེགས་སྒྲུབ་མཁན་རྣམས་ལ་ཆེ་བསྟོད་ཆེད་གཟེངས་རྟགས་དེ་ཕུལ་ཡོད་སྐོར་དང་། འདས་པའི་དུས་ཡུན་རིང་ཨ་རིའི་སྲིད་འཛིན་དང་པོ་ཇོར་ཇ་ ཝ་ཤིང་ཊོན་ (George Washington) མཆོག་དང་། ཝིན་སི་ཊོན་ ཅར་ཆིལ་ (Winston Churchill) མཆོག ཨ་མ་ཊེ་རེ་ས་ (Mother Teresa) མཆོག མར་ཊིན་ ལུ་ཐར་ཀིང་ (Martin Luther King Jr) མཆོག་ལ་སོགས་པའི་སྙན་གྲགས་ཅན་གྱི་མི་སྣ་མང་དག་གཅིག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་དང་། དེས་མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་དང་། འཚེ་བ་མེད་པ། འགྲོ་བ་མིའི་ཐོབ་ཐང་། འཛམ་གླིང་ནང་བྱམས་བརྩེ་གོང་མཐོར་གཏོང་ཐབས་བཅས་ཀྱི་ཐོག་ལ་བསྐྱངས་པའི་རླབས་ཆེན་གྱི་མཛད་འཕྲིན་དག་ལ་ངོས་འཛིན་ཆེ་བསྟོད་གནང་བ་མཚོན་གྱི་ཡོད་པ་རེད་ཅེས་གསུངས་འདུག

དེ་སྔ་ཕྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་སྐབས། ཁོང་ཉིད་མེ་ས་ཆུ་སེཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ངོ་བོའི་ཐོག་ནས་བཅར་རྒྱུ་བྱུང་བའི་སྐོར་དང་འབྲེལ་ནས་གསུངས་དོན། སྐབས་དེའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སི་ པི་ལོ་སི་ (Nancy Pelosi) མཆོག་གིས་བྱང་ཨ་རིའི་ཁུལ་ལ་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ཀྱི་ཚོགས་གཙོ་རྣམས་བཀའ་དྲིན་ཆེན་པོས་མགྲོན་འབོད་གནང་ཡོད་པ་དང་། དུས་ཆེན་དེ་ནི་བོད་མི་ཚོར་ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་དང་། མི་ཚེའི་ནང་བརྗེད་པར་དཀའ་བའི་གལ་ཆེའི་དུས་ཆེན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག
གཞན་ཡང་མཛད་སྒོའི་ཐོག་བོད་ཀྱི་བརྙན་འཕྲིན་ཚན་པས་བཟོ་བསྐྲུན་གནང་བའི་ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གསེར་གྱི་རྟགས་མ་འབུལ་བཞེས་མཛད་ནས་མི་ལོ་ ༡༨ འཁོར་བའི་དུས་དྲན་ཞེས་པའི་དངོས་འབྱུང་གློག་བརྙན་ཞིག་གཟིགས་འབུལ་ཞུས་ཡོད་པ་བཅས།
