ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro)  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གཞུང་མང་གཉིས་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་ (Mike Pompeo) མཆོག་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་མཆོག་ལ་བསྐུར་བའི་ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ནང་འཁོད་དོན། ཨ་རིའི་གཞུང་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro)  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་ང་ཚོ་ཚང་མ་དགའ་སྤོབས་ཆེན་པོ་བྱུང་།

ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཁྱེད་དང་། ཨ་རིའི་གཞུང་མང་གཉིས་ནས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁྱེད་ཀྱིས་མཁྱེན་གསལ་ལྟར། རྒྱ་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་བཟུང་བྱས་པར་བརྟེན། ད་ལྟའི་དམར་གཞུང་འོག་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས་སོགས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། རྒྱ་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་དང་། ལོ་རྒྱུས་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་བཟུང་ནས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད། བཙན་བྱོལ་ནང་སླེབས་པའི་རྗེས། ང་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དང་ཁྱབ་སྤེལ་བྱ་རྒྱུའི་ལས་འགན་ཁུར་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྟག་ཏུ་ཉེན་ཁ་བཟོས་དང་བཟོ་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད།  བྱས་ཙང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དགོས་གལ་ཆེན་པོ་ཡོད།

ད་ཆ་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་འགྲོ་བཞིན་པའི་སྐབས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར་ང་ཚོ་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། དེས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོར་བོད་དོན་བདེན་མཐའ་གསལ་རྒྱུར་རེ་བ་དང་ཡིད་ཆེས་ཆེན་པོ་ཐོབ་ཡོད་པ་དང་།  དེ་བཞིན་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་མཚམས་ཆད་པའི་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་བྱེད་དགོས་པའི་བརྡ་ལན་ཤུགས་ཆེན་ཞིག་སྤྲོད་ཀྱི་ཡོད། གཞན་ཡང་དེས་བོད་ནང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་ཐུབ་པའི་སྲིད་བྱུས་ལག་བསྟར་ཡོང་རྒྱུ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ལའང་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།

ངས་སླར་ཡང་སྐུ་ཞབས་ཁྱེད་དང་། ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་བརྒྱུད་བོད་ཀྱི་རྩ་དོན་ཐོག་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་རེ་བ་ཡོད། ཁྱེད་ཀྱི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག