ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་གནང་བ།

༄༅། །༧སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སིམ་ལ་སྤྱི་ཁྱབ་ལས་ཁུངས་ཟུང་སྦྲེལ་ཐོག ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༣ ཉིན་སིམ་ལར་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་མཱ་ཧཱ་ཝིར་ སིངྒ་ (Shri Prof Mahavir Singh, Vice Chancellor of Himachal Pradesh University) མཆོག་གིས་འགྲེམས་སྟོན་དབུ་འབྱེད་དང་སྦྲགས། ཁོང་ཉིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་པའི་སྐོར་དང་། མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་མུ་མཐུད་སྐུ་ངལ་བསྐྱོན་བཞིན་པར་ཡིད་སྨོན་ཆེན་པོ་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་བཙན་བྱོལ་ནང་བོད་མི་ཚོས་ཚད་དང་ལྡན་པའི་མང་གཙོ་ལག་བསྟར་གནང་བཞིན་པར་བསྔགས་བརྗོད། ད་ལན་ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་ནང་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་འགྲེམས་སྟོན་གནང་བ་བརྒྱུད་ཁོང་ཉིད་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་ལྟ་བུའི་ཚོར་བ་བྱུང་སྐོར་སོགས་ཀྱི་གསུང་བཤད་དང་། དེ་ནས་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་ཀྱིས་འགྲེམས་སྟོན་སྐོར་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོ་མཆོག་ལ་དྲན་རྟེན་ཕྱག་རྟགས་ཕུལ་བ། མཐར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་བདེ་ཆེན་རབ་འབྱམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། གཙུག་ལག་སློབ་གཉེར་ཁང་ནང་འགྲེམས་སྟོན་གནང་ཡོད་པ་བཅས།