ཧི་མ་ཅཱལ་མངའ་སྡེའི་སྐུ་མགྲོན་རྒྱ་གར་དབུས་གཞུང་ (Indus Basin Organisation) ཚོགས་པའི་འཆར་འགོད་པ་སྐུ་ཞབས་བྷུ་པེ་ཤི་ཀུ་མར་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཧི་མ་ཅཱལ་མངའ་སྡེའི་སྐུ་མགྲོན་རྒྱ་གར་དབུས་གཞུང་ (Indus Basin Organisation, Central Water Commission) ཚོགས་པའི་འཆར་འགོད་པ་སྐུ་ཞབས་བྷུ་པེ་ཤི་ཀུ་མར་ (Shri. Bhupesh Kumar, Superintending Engineer, (Coordination) མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༤ ནས་ ༢༥ བར་ཉིན་གྲངས་གཉིས་རིང་ཀངྒ་རྫོང་དུ་ལས་དོན་དང་འབྲེལ་བའི་ཐོག་ཕེབས་པ་དང་བསྟུན། ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༡༥ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་གནང་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཕེབས་བསུའི་སྣེ་ལེན་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་རེ་ཞུས་པ་དང་། དེ་བཞིན་རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་སྒྲིག་འཛུགས་ལ་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུས་གནང་། དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཡིག་ཆ་ཁག་ཅིག་ཕུལ་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་སོང་། སྐུ་ཞབས་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕེབས་བསུ་ཞུས་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་གནང་སོང་བ་བཅས། །