
༄༅། ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༥ ཉིན་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཧི་མ་ཅལ་མངའ་གཞུང་མཐོ་སློབ་ (Government College, Dharamshala) ནང་ ‘སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་ཞིག་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཧི་མ་ཅལ་མངའ་གཞུང་མཐོ་སློབ་ཀྱི་སློབ་སྤྱི་ར་གྷི་ཤི་ སྤར་ཊ་ནི་ཡ་ (Rakesh Pathania ,Principal) མཆོག་དང་། དེ་གའི་མཐོ་སློབ་ཀྱི་སྲིད་དོན་ཚན་རིག་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཨ་ཤི་ཝ་ནི་ ཀུ་མར་ (Prof.Ashwani Kumar) ལགས་དང་། སློབ་དཔོན་སན་ཇེ་ ཁྲ་ཀུར་ (Prof. Sanjay Thakur) ལགས་གཉིས་གཙོས་སྲིད་དོན་ཚན་རིག་སྡེ་ཚན་གྱི་སློབ་ཕྲུག་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་ཆེད་བཅར་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཐོག མཐོ་སློབ་ཀྱི་སློབ་སྤྱི་མཆོག་གིས་དར་ཚོན་གཅོད་འབྲེགས་ཀྱིས་འགྲེམས་སྟོན་དབུ་འབྱེད་དང་། འདི་གའི་ལས་བྱེད་ཟླ་བ་ལགས་ཀྱིས་འགྲེམས་སྟོན་སྐོར་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས་པར་རིས་འགྲེམས་སྟོན་དངོས་སུ་དབུ་འཛུགས་ཀྱིས་ཕྱི་དྲོ་ཆུ་ཚོད་ ༥།༠༠ བར་འགྲེམས་སྟོན་གནང་ཡོད།

ཐེངས་འདིའི་འགྲེམས་སྟོན་སྐབས་ཧི་མ་ཅལ་མངའ་གཞུང་མཐོ་སློབ་ཀྱི་དགེ་སློབ་གྲངས་ ༢༠༠ ལྷག་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད། མཐོ་སློབ་དེར་འགྲེམས་སྟོན་གོ་སྒྲིག་གནང་སྐབས་མཐོ་སློབ་ཀྱི་སློབ་སྤྱི་མཆོག་ནས་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་དང་བསྔགས་བརྗོད་ཀྱིས་ ཁོང་ལ་མཇལ་དར་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པ་ཕྱག་རྟགས་སུ་ཕུལ་བ་དང་།

དེ་བཞིན་སྲིད་དོན་ཚན་རིག་སྡེ་ཚན་གྱི་སློབ་དཔོན་རྣམ་པ་གཉིས་ལའང་མཇལ་དར་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ (My land and My People) དང་ཧིན་དྷིའི་ཐོག་བསྒྱུར་བའི་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) སོ་སོར་ཕུལ་ཡོད།

ཐེངས་འདིའི་པར་རིས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་མཁན་དགེ་སློབ་ཚོས་འགྲེམས་སྟོན་དེ་བཞིན་དོན་སྙིང་ལྡན་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་བསྔགས་བརྗོད་གནང་སོང་།

ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཟླ་བ་ལགས་དང་། ཨ་ཤེས་བུ་མོ་ལགས། བསྟན་འཛིན་དཔལ་ལྡན་ལགས། བསྟན་འཛིན་གཡུང་དྲུང་ལགས་བཅས་ཆེད་བཅར་གནང་ཡོད་པ་བཅས།
