སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་འཆར་ཐོག་རྒྱབ་སྐྱོར་གནང་མཁན་འཕྲུལ་རིག་ཆེད་ལས་མི་སྣ་སོགས་ལས་གྲུབ་པའི་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༣༡ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་འཆར་ལ་རྒྱབ་སྐྱོར་གནང་མཁན་འབུམ་རམས་པ་ཨཡེ་མོན་ (Dr. Aimon) ལགས་ཀྱིས་གཙོས་པའི་འཕྲུལ་རིག་ཆེད་ལས་མི་སྣ་དང་། གཏོད་ཕོད་ཅན་གྱི་སྦྱིན་བདག་སོགས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། ང་ཚོ་བཙན་བྱོལ་ནང་སླེབས་ནས་ལོ་ངོ་ ༦༥ ཙམ་འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་དང་། ཨ་རི། ཡུ་རོབ། ཨེ་ཤི་ཡ་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་བོད་ཀྱི་འཐབ་རྩོད་དང་། དེ་བཞིན་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས། ད་ལྟ་ང་ཚོ་བཙན་བྱོལ་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་བྱུང་ཡོད་པ་རེད། བོད་ནང་ཆ་བཞག་ན། རྒྱ་ནག་དམར་གཞུང་གིས་མུ་མཐུད་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཀོལ་སྤྱོད་ཐོག་དམ་བསྒྲགས་དང་། ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་ཡོད་པ་རེད། བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་རྒྱ་ནག་དམར་གཞུང་གིས་བཙན་ཤེད་ཐོག་སྒོ་རྒྱག་བཅུག་པ་དང་། ཕྱིའི་རོགས་སྐྱོར་ཁག་ལ་བཀག་སྡོམ་བྱས་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་འདུག བོད་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་སྟེ། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་དོན་སྐོར་དྲིལ་བསྒྲགས་ལོག་པར་བྱེད་བཞིན་པར་དོགས་ཟོན་དང་། རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་དོ་སྣང་གནང་དགོས་སྐོར་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ངོ་སྤྲོད་དང་།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་དེང་དུས་འཕྲུལ་རིག་ཡར་རྒྱས་དང་འཚམས་པའི་བཅོས་མའི་རིག་ནུས་ (Artificial intelligence) ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ཐོག་ཞབས་འདེགས་ཞུ་བཞིན་པར་བསྔགས་བརྗོད་དང་། རྣམ་པ་ཚོའི་ཐོག་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་འཆར་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུངས་དོན། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་ལ་སོ་སོའི་ཕ་མེས་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས་སློབ་གཉེར་བྱ་རྒྱུའི་རང་དབང་འཕྲོག་སྟེ་བཙན་ཤེད་ཐོག་ཕ་མ་དང་ཁ་ཕྲལ་ནས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་ནས་བོད་རིགས་རྣམས་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འགན་ཁུར་ཐུབ་པ་བཟོ་དགོས་སྐོར་དང་། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཁྲིམས་མཐུན་བདག་དབང་སྐོར་ལོག་འགྲེལ་བྱེད་བཞིན་པར་དོགས་ཟོན་གནང་དགོས་སྐོར་སོགས་གསུངས་སོང་།

དེ་ནས་ཚོགས་བཅར་བ་རྣམ་པས་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་བ་བཅས།