སྦེལ་ཀོབ་སེར་སྐྱ་མང་ཚོགས་ཉིས་ཁྲི་བརྒལ་བས་ཞི་བའི་གོམ་བགྲོད།

སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱི་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་ཁུལ་དུ། ཕྱི་ཟླ་༡༠ ཚེས་༢༡ ཉིན་རྒྱབ་ཆུ་ཚོད་༢།༣༠ ཐོག་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་ཆེད། སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་རྟེན་མདུན་ཐང་དུ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས་བཅས་ཀྱི་གོ་སྒྲིག་འོག  སྔ་འགྱུར་རྙིང་མའི་ཆོས་སྡེ་རྣམ་གྲོལ་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་། སེ་ར་ཐེག་ཆེན་གླིང་། བཀྲ་ཤིས་ལྷུན་པོ། ས་སྐྱ། བཀའ་བརྒྱུད་བཅས་ཆོས་སྒར་ཁག་གི་བླ་སྤྲུལ་དགེ་བཤེས་དང་། མཁན་པོ་དང་། དགེ་བཙུན། སློབ་ཕྲུག་བཅས་བོད་དང་ཧི་མ་ཡ། སོག་པོ། ཕྱི་རྒྱལ་བ། རྒྱ་རིགས་བཅས་ཀྱི་སློབ་གཉེར་དགེ་འདུན་འདུས་མང་ཡོངས་དང་། ལུགས་བསམ་དང་བདེ་སླར་གཞིས་ཁོངས་གཉིས་ཀྱི་རྒྱ་ཆེའི་མང་ཚོགས། སློབ་གྲྭ་ཁག་གི་དགེ་ལས་དང་། སློབ་ཕྲུག     གཞན་ཡང་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་། ཚོགས་མི་བཅས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཉིས་ཁྲི་བརྒལ་བས་བོད་ནང་གི་ཛ་དྲག་གནས་སྟངས་ཐད། ཚོར་ཤུགས་དྲག་པོས་དུས་གཅིག་ཏུ་འདུ་འཛོམས་ཀྱིས། ཐོག་མར་ཚད་མེད་ཡོན་ཏན་མ་གདངས་དབྱངས་སུ་གྱེར་བ་དང་། དེ་རྗེས། ལོངས་ཤོག ལོངས་ཤོག  བོད་མི་ཚོ་ལོངས་ཤོག་སོགས་དུས་གཅིག་ཏུ་སྐད་ཤུགས་ཆེན་པོས་འབོད་སྒྲ་བསྒྲགས་ཤིང་། བོད་ཀྱི་རྒྱལ་དར་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་ཚོན་ལྡན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དྲ་རྒྱ་ནང་བཀྲམས་པའི་འཕྲེད་དར་ཚིག་གཞི་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག ཧིན་ཡིག་བཅས་འཁོད་པའི་ལག་དར་སྣ་ཚོགས་ཕྱག་ཏུ་བསྣམས་ཏེ། སློབ་ཕྲུག་གཞོན་སྐྱེས་ཚོས་སྣེ་ཁྲིད་ཀྱིས། མཆོད་རྟེན་ལ་བསྐོར་བ་རྒྱབ་སྟེ་གོམ་བགྲོད་འགོ་འཛུགས་བྱས་ཤིང་།

ཆུ་ཚོད་༤།༠༠ པ་ཙམ་ལ་སྔ་འགྱུར་རྙིང་དགོན་རྣམ་གྲོལ་གླིང་དུ་འདུ་འཛོམས་ཐོག་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ས་ཏའེ་ཤི་ཝ་པ་ satai shiwa pa མཆོག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་ཕམ་གྱི་གཏམ་བཤད་དང་། དེའི་རྗེས། བཀའ་ཟུར་ཚེ་རིང་ཕུན་མཆོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཀྱི་འབྱུང་རྐྱེན་དང་། རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་དང་། རང་ལུས་མེར་སྲེག་གི་ཞི་རྒོལ་དེ་འཚེ་མེད་ཞི་བའི་ལྟ་གྲུབ་དང་མཐུན་པ། རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ལུགས་སོགས་གཏམ་བཤད་རྒྱུན་རིང་གནང་། དེའི་རྗེས་ལུགས་བསམ་མཉམ་འབྲེལ་དྲུང་ཆེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། མཇུག་ཏུ་སེར་སྐྱ་ཡོངས་ནས་ལོངས་ཤོག ལོངས་ཤོག་སོགས་འབོད་སྒྲ་བསྒྲགས་ཏེ། ས་གནས་སེར་སྐྱ་ཡོངས་ལ་ཆིག་སྒྲིལ་དང་། བོད་ནང་གི་གནས་སྟངས་ལ་ཚོར་ཤུགས་ཆེན་པོ་འཕེལ་བ་སོགས་ལས་འགུལ་དོན་སྙིང་ལྡན་པ་བྱུང་སྟེ། རང་གནས་སུ་ལོག་ཕེབས་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད།