སྦེལ་ཀོབ་སེར་སྐྱ་མང་ཚོགས་ཆིག་ཁྲི་ཉིས་སྟོང་བརྒལ་བས་སྨོན་ལམ་དང་འབྲེལ་མར་མེའི་ཁྲོམ་སྐོར་བྱས་པ།

བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་གཞུང་གིས་བོད་ནང་ཆབ་སྲིད་དམ་དྲག་དང་། རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག ཆོས་དད་རང་དབང་འཕྲོག་པ་དང་། ཤེས་ཡོན་ཅན་འབུར་འཇོམས་བྱེད་པ། ཆོས་སྡེ་ཁག་ལ་བསུན་གཙེར་དང་། འཇིགས་སྐུལ། རྩ་བའི་བླ་མར་དམའ་འབེབས། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་ཇུས་གཏོགས་དམ་དྲག  དགེ་བཤེས་དང་མཁས་པ། རྩོམ་པ་པོ། གཞས་པ། གཞས་མ་སོགས་བོད་མི་སྣེ་འཁྲིད་མཁན་དག་ལ་རྗེས་འདེད་བསུན་གཙེར་སོགས་བོད་ས་ཡོངས་ལ་འགྲོ་བ་མིའི་རང་དབང་དང་། ཐོབ་ཐང་རྩ་འཕྲོག་བྱས་པ་སོགས་ལ་བརྟེན། ཕྱི་ལོ་༢༠༠༨ ནས་བཟུང་བོད་ས་ཁྱོན་ཡོངས་ནས་རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཀྱང་། རྒྱ་གཞུང་གིས་སྔར་ནས་ཇེ་སྡུག་ཏུ་བཏང་སྟེ། ངར་རློམ་འཇིགས་སྐུལ་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་བོད་ས་ཡོངས་ལ་སྤེལ་བར་བརྟེན།  བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར། སྡུག་བསྔལ་གྱི་མུན་དོང་དུ་ལྷུང་ཞིང་། གསོན་པ་ལས་ཤི་བ་བདམས་ཏེ། འ་ཆད་འུ་ཐུག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་དང་། འདི་ལོ་ཕྱི་ཟླ་གསུམ་པ་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་དང་། ཚེ་དབང་ནོར་བུ་སོགས་ཀྱིས་གཅེས་པའི་ལུས་སྲོག་མེ་རུ་སྦར་ཏེ། རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་རེའི་ངོ་རྒོལ་བྱས་པའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཧ་ཅང་ཡ་ང་བའི་ཐད། བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་འབྲེལ་ལམ་སྟོན་དགོངས་དོན་ལྟར། ཕྱི་ཟླ་༡༠ ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་དང་། ལུགས་བསམ་ས་གནས་འགོ་འཛིན་ཨང་ཀེ་ཚང་མགོན་པོ་བཀྲ་ཤིས་ལགས་ཀྱིས་གཙོས་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་རྒྱ་ཆེའི་མང་ཚོགས་དང་། སློབ་གྲྭ་ཁག་གི་དགེ་ལས་དང་། སློབ་ཕྲུག་བཅས་སྦེལ་ཀོབ་སེར་སྐྱ་ཆིག་ཁྲི་ཉིས་སྟོང་བརྒལ་བས་བོད་ཀྱི་རྒྱལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དྲ་རྒྱར་བཀྲམས་པའི་འཕྲེད་དར་ཚིག་གཞི་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་ཚོན་ལྡན་གཞིར་བཞག་དཔར་བསྐྲུན་ཞུས་པའི་ངོ་རྒོལ་གྱི་དར་ཆ་སྣ་ཚོགས་དགུང་དུ་འཕྱར་ཏེ། ས་གནས་བུད་མེད་ཀྱིས་སྣེ་འཁྲིད་འོག   སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་རྟེན་མདུན་ཐང་དུ་འདུ་འཛོམས་ཀྱིས་

༡༽ ཚང་མ་སྐུ་བཞེངས་ཐོག་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དང་།
༢༽ རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་དང་།
༣༽ བདེན་ཚིག་སྨོན་ལམ་གདངས་དབྱངས་སུ་གྱེར་བ་དང་།
༤༽ བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ངོ་སྤྲོད་གསུང་བཤད་དང་།

༥༽ བདེ་སླར་མཉམ་འབྲེལ་དྲུང་ཆེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་པ་དང་། ཉིན་རེ་བཞིན་དགེ་ལུགས་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད་རེས་མོས་ཀྱིས་འདོན་པ་གསུང་བཞིན་པ་ལྟར། འདི་ཉིན་རྣམ་གྲོལ་གླིང་དགེ་འདུན་པས་དབུ་སྐུལ་ཞུས་ཏེ། ཞལ་འདོན་སྨོན་ལམ་ཁག་གདངས་དབྱངས་ཆེན་པོས་གསུང་གྲུབ་པ་དང་། ཚང་མས་མར་མེ་སྦར་ཏེ། བྱང་ཆུབ་སེམས་མཆོག་མ་སྐད་ཤུགས་ཆེན་པོས་སྐྱོར་བཞིན་ཞབས་ཐང་གིས་རང་གནས་སུ་ལོག་ཕེབས་པ་དང་། ལས་འགུལ་དེས་ས་གནས་སེར་སྐྱ་མི་མང་ལ་ཚོར་ཤུགས་ཆེན་པོ་བསྐྱེད་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད།