སྦིར་བོད་ཚོགས་སུ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༢ ནས་ ༢༦ བར་ཉིན་ལྔའི་རིང་སྦིར་བོད་ཚོགས་སུ་སྦིར་སྡེ་དགེ་དང་། སྦིར་ནང་ཆེན་ཅོན་ཊ་ར། སྦིར་བོད་ཚོགས། མན་ཌི་བཅས་ཀྱི་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་རྣམས་ལ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་འདུག ཟབ་སྦྱོང་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་དང་། འཇར་མན་རོགས་ཚོགས་ (FNF) ཡིས་མཐུན་འགྱུར་གནང་ཡོད།

ཉིན་གྲངས་ལྔའི་རིང་གི་ཟབ་སྦྱོང་སྐབས། ཟབ་འཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས།  དངུལ་རྩིས་སྟངས་འཛིན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་འགོ་ཁག་བཅས་ཀྱི་ཐོག་ཟབ་འཁྲིད་གནང་རྒྱུ་ཡིན་པ་རེད།

དེ་ཡང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཤིང་། ཐོག་མར་ཟབ་འཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ནས་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཕྱེ་དང་། ༧གོང་ས་མཆོག་གི་༧སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས་རྗེས། སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་ཀརྨ་རྣམ་རྒྱལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་འཐུས་ཟབ་སྦྱོང་གོ་སྒྲིག་དང་། སྤྱི་འཐུས་རྣམ་པ་གཉིས་ཟབ་ཁྲིད་གནང་རྒྱུའི་སླད་ཕེབས་པར་ཐུགས་རྗེ་ཆེ་ཞུས་གནང་འདུག

སྐབས་དེར་ཟབ་འཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་ཟབ་སྦྱོང་གི་གལ་གནད་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བའི་སྐབས་བཅའ་ཁྲིམས་ནང་ས་གནས་འཐུས་ཚོགས་སྐོར་བཀོད་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་སླད་གཞི་རིམ་ས་གནས་འཐུས་ཚོགས་འོས་འདེམས་གནང་རྒྱུའི་གལ་གནད་སྐོར་བཀའ་སློབ་ཕེབས་ཡོད་པའི་སྐོར་སོགས་ཀྱི་གསུང་བཤད་དང་། ཟབ་སྦྱོང་སྐབས་མཉམ་ཞུགས་གནང་མཁན་ཚང་མས་ཆ་ཤས་གང་ལེགས་བཞེས་རྒྱུ་དང་། དོགས་འདྲི་སོགས་གང་མང་གནང་རྒྱུའི་འབོད་སྐུལ་དང་། ཟབ་འཁྲིད་གནང་མཁན་ངོས་ནས་གང་ཐུབ་ཀྱིས་འགྲེལ་བརྗོད་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་ས་གནས་འཐུས་མི་རྣམ་པས་བོད་མིའི་སྤྱི་ཚོགས་ནང་ཡུན་རིང་ཞབས་ཞུ་གནང་བར་བསྔགས་བརྗོད་དང་། ཟབ་སྦྱོང་འདིས་ས་འཐུས་རྣམ་པར་ཚོགས་འདུའི་འགྲོ་ལུགས་ཐོག་བསྐྱར་སྦྱོང་ལྟ་བུ་ཆགས་ཀྱི་ཡོད་སྐོར་དང་། དེ་བཞིན་ཟབ་སྦྱོང་སྐབས་ཚང་མས་དྲི་བ་གང་མང་གཏོང་རྒྱུའི་སྐུལ་མ་གནང་འདུག གཞན་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐེངས་འདིའི་ཟབ་སྦྱོང་ནང་སྤྱི་འཐུས་རྣམ་པ་གཉིས་ལ་ཟབ་འཁྲིད་གནང་རྒྱུར་ཇི་ལྟར་བཀོད་སྒྲིག་གནང་བའི་སྐོར་སོགས་གསུང་འདུག

ས་འཐུས་ཚོགས་གཙོ་རྒྱལ་པོ་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ཀྱི་ཚབ་ཞུས་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ནས་ཟབ་སྦྱོང་གནང་རྒྱུའི་དུས་ཚོད་བཏོན་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལའང་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་རྗེས། ཟབ་འཁྲིད་གནང་མཁན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་སོ་སོའི་སྐོར་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས། ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་ཡོད་ཅིང་། དེ་ཡང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་འདྲི་སྟངས་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདོན་ཕྱོགས། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་། སྒེར་གྱི་གྲོས་ཆོད་གྲོས་འཆར་འདོན་ཕྱོགས། ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན་འབུལ་ཕྱོགས་སོགས་ཀྱི་སྐོར་ཟབ་འཁྲིད་གནང་བ་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

རྩ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་བཞུགས་སྒར་རྡ་ས་དང་། ཨོ་རི་ས། ལ་དྭགས། སྒང་ཏོག ས་ལུ་སྒ་ར། ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་བཅས་ས་གནས་ཁག་དྲུག་ལ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་ཟིན་པ་དང་། དེ་བཞིན་སྡེ་ར་ལྡུན་བདེ་སྐྱིད་གླིང་དུ་ས་འཐུས་ཟབ་སྦྱོང་ཐེངས་བདུན་པ་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ད་རེས་སྦིར་བོད་ཚོགས་སུ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་བཞིན་ཐེངས་བརྒྱད་པ་ཆགས་ཀྱི་ཡོད་པ་དང་། ཟབ་སྦྱོང་དེར་མཐུན་འགྱུར་གནང་མཁན་འཇར་མན་རོགས་ཚོགས་ (FNF) ཡིན་འདུག

ཕྱི་ཟླ་ ༥ པའི་ཚེས་ ༢༡ ཉིན་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་སྦིར་བོད་ཚོགས་སུ་ཕེབས་འབྱོར་མཚམས། སྦིར་བོད་ཚོགས་དང་། སྦིར་སྡེ་དགེ། སྦིར་ཅོན་ཏ་ར་ནང་ཆེན་བཅས་ཀྱི་ས་འཐུས་ཚོགས་གཙོ་དང་། དེ་བཞིན་སྦིར་བོད་ཚོགས་དང་། སྦིར་སྡེ་དགེ་གཉིས་ཀྱི་ས་གནས་འགོ་འཛིན། སྦིར་ཅོན་ཏ་ར་ནང་ཆེན་གྱི་ས་གནས་འགོ་འཛིན་སྐུ་ཚབ་ལས་དྲུང་། སྦིར་ལི་ལི་ཚོགས་པའི་སྐུ་ཚབ་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་པ་དང་། ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་ལ་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་པ་བཅས། །