
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༥ པའི་ཚེས་ ༢༦ ཉིན་སྦིར་དཔལ་ཡུལ་ཆོས་འཁོར་གླིང་དུ་ཚེས་བཅུའི་སྒྲུབ་མཆོད་ཆེན་མོའི་གར་འཆམ་མཛད་ཅིང་སྤྱིར་ལོ་རྒྱུས་རྣམ་ཐར་སོགས་ལས་གསལ་བ་ལྟར། བོད་ཟླ་རེའི་ཡར་ངོའི་ཚེས་བཅུ་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དུས་ཆེན་ཁྱད་པར་ཅན་ཡིན། སློབ་དཔོན་རིན་པོ་ཆེས་ཞི་རྒྱས་དབང་དྲག་གི་མཛད་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་བརྙེས་པ། གདུག་པ་ཅན་རྣམས་ཚར་བཅད་ཅིང་བྲན་དུ་བསྐོལ་བ་སོགས་ཀྱི་རྨད་དུ་བྱུང་བའི་མཛད་པ་ཆེན་པོ་བཅུ་གཉིས་བསྟན་པའི་དུས་ནི་བོད་ཟླ་སོ་སོའི་ཚེས་བཅུའི་ཉིན་ལ་ཁེལ་གྱི་ཡོད།

ལྷག་པར་དུས་དེར་བོད་འབངས་རྣམས་ལ་ཐུགས་བརྩེས་བྱིན་གྱིས་རློབ་པ་སྟེ། དེ་ཡང་ཇི་སྐད་དུ། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། །ནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན། །ཡར་ངོ་ཚེས་བཅུ་དག་ལ་དངོས་སུ་བྱོན། །འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་དང་། ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན། །དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར་བོད་འབངས་རྣམས་དང་འབྲེལ་བ་དམིགས་བསལ་ཞིག་ཡོད་པས་ཡིད་ཆེས་ཀྱི་དད་པས་འཇུག་ན་བྱིན་རླབས་དང་དུས་ངན་བཟློག་པའི་ཐུགས་རྗེ་དམིགས་བསལ་ཞིག་འབྱུང་བ་གདོན་མི་ཟ་ཞིང་། ། དེ་རིང་བོད་ཟླ་ ༤ ཚེས་ ༡༠ ཉིན་ནི་གུ་རུ་རིན་པོ་ཆེའི་རྫུ་འཕྲུལ་དང་གྲུབ་རྟགས་ཀྱིས་ཟ་ཧོར་རྒྱལ་བློན་འབངས་རྣམས་གུ་རུ་རིན་པོ་ཆེ་ལ་དད་པ་ཚད་མེད་སྐྱེས། རྒྱལ་པོས་རྒྱལ་ཆོས་སོགས་ཕུལ་ཏེ་ནང་པ་སངས་རྒྱས་པའི་ཆོས་ལ་ཞུགས་པའི་དུས་ཁེལ་གྱི་ཡོད། །

ཚེས་བཅུའི་མཆོད་པ་འདི་ནི་བོད་གངས་ཅན་ལྗོངས་སུ་བསམ་ཡས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་རྗེས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་དུས་ཐོག་མར་བསམ་ཡས་སུ་ཚེས་བཅུའི་མཆོད་པ་བྱུང་བ་དང་། རྗེས་སུ་གཏེར་སྟོན་གུ་རུ་ཆོས་དབང་གི་སྐུ་དུས་སུ་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་དང་འབྲེལ་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་དར་ཁྱབ་ཆེན་པོ་ཕྱིན་ཏེ། ཕྱིས་སུ་གཏེར་སྟོན་པདྨ་གླིང་པ་དང་། ལྷག་པར་དུ་རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་རྩེ་ཕོ་བྲང་རྣམ་རྒྱལ་གྲྭ་ཚང་དུ་ཚེས་བཅུའི་གར་འཆམ་རྒྱས་པར་བཙུགས། བོད་དུ་ཚེས་བཅུའི་དུས་ཆེན་དང་བསྟུན་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་ཆོས་བརྒྱུད་རིས་སུ་མ་ཆད་པའི་ནང་དར་སྲོལ་བྱུང་འདུག འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གདུལ་བྱ་སོ་སོའི་ཁམས་དང་འཚམས་པར་སྐུ་ཡི་བཀོད་པ་བརྒྱད་བསྟན་པའི་ཚུལ་མཚོན་པ་གསུངས། གུ་རུ་མཚན་བརྒྱད་ནི། གུ་རུ་མཚོ་སྐྱེས་རྡོ་རྗེ། དྷ་ན་ཀོ་ཤའི་མཚོ་གླིང་དུ་པདྨའི་སྙིང་པོ་ལས་འཁྲུངས་པའི་ཚུལ། གུ་རུ་ཤཱཀྱ་སེང་གེ། གཙུག་ལག་ཁང་དུ་རབ་ཏུ་བྱུང་སྟེ་བསྟན་པ་གསལ་བར་མཛད་པའི་ཚུལ། གུ་རུ་བློ་ལྡན་མཆོག་སྲེད། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་ཏེ་གྲུབ་པ་ཐོབ་པའི་ཚུལ། གུ་རུ་པདྨ་ཐོད་ཕྲེང་རྩལ། ཟ་ཧོར་རྒྱལ་པོས་མེ་ལ་བསྲེགས་ཀྱང་མཚོ་རུ་བསྒྱུར་ཏེ་ཆོས་ལ་བཀོད་པའི་ཚུལ། གུ་རུ་པདྨ་འབྱུང་གནས། ཨོ་རྒྱན་རྒྱལ་པོའི་རྒྱལ་སྲིད་སྤངས་ཏེ་དུར་ཁྲོད་དུ་ཉམས་ལེན་མཛད་པའི་ཚུལ། གུ་རུ་ཉི་མ་འོད་ཟེར། དུར་ཁྲོད་དུ་བཞུགས་ནས་མ་མོ་དང་མཁའ་འགྲོ་ཟིལ་གྱིས་གནོན་པའི་ཚུལ། གུ་རུ་སེང་གེ་སྒྲ་སྒྲོགས། མུ་སྟེགས་པའི་སྟོན་པ་རྣམས་རྩོད་པ་དང་ནུས་པས་ཕམ་པར་མཛད་པའི་ཚུལ། གུ་རུ་རྡོ་རྗེ་གྲོ་ལོད། སྟག་ཚང་གསང་ཕུག་སོགས་སུ་སྟག་ལ་ཆིབས་ཏེ་བདུད་དང་སྲིན་པོ་དམ་ལ་བཏགས་པའི་ཚུལ་བཅས་སྟོན། ཚེས་བཅུའི་དུས་ཆེན་ཉིན་སྒྲུབ་པ་དང་ཚོགས་མཆོད་སོགས་ཀྱི་དགེ་བས་ཡུལ་ཕྱོགས་སུ་བཀྲ་ཤིས་པ་འབྱུང་བ་དང་། ཉེས་སྐྱོན་དང་བར་ཆད་ཞི་བར་བྱེད་ཅིང་། བསོད་ནམས་ཀྱི་ཚོགས་གསོག་པ། འདོད་པའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པའི་ཕན་ཡོན་ཁྱད་པར་ཅན་ཡོད་པ་བཤད།

དེ་ཉིན་སྦིར་དཔལ་ཡུལ་ཆོས་འཁོར་གླིང་དུ་༧སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཚེས་བཅུའི་སྒྲུབ་མཆོད་ཆེན་མོའི་གར་འཆམ་མཛད་ཅིང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་ཡང་བོད་མི་མང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྡེ་དགེ་བྱ་རྒོད་སྲས་འཆི་མེད་རྡོ་རྗེ་ལགས། ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་སྣེ་རྣམ་པ། ས་གནས་སེར་སྐྱ་མང་ཚོགས་བཅས་ཕེབས་གནང་འདུག
