སྤྱི་ལྷན་སྐུ་ཚབ་ནས་ལྡི་ལིར་གཞུང་ཚབ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་གྱི་མཛད་འཆར་ལེགས་གྲུབ།

 

ཕྱི་ལོ་༢༠༡༢ ཟླ་༡ ཚེས་༢༩ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས་བཅས་རྒྱུན་ལས་ལྷན་ཚོགས་ཀྱི་ཐག་གཅོད་གཞིར་བཟུང་། ལྡི་ལིར་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་དང་སྐུ་ཚབ་ལས་ཁུངས་ཁག་དང་། རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཚོར་བོད་ནང་རང་ལུས་ཞུགས་འབུལ་དང་ཞི་རྒོལ་མང་ཚོགས་ལ་མདེལ་ཆར་ཕབས་ཏེ་བསད་རྨས་ཚབས་ཆེན་བྱུང་བའི་ཛ་དྲག་གནས་སྟངས་རིམ་བསྟུད་དུ་འབྱུང་བཞིན་པའི་སྐོར་ཞུ་སྐུལ་དུ་ཆེད་བསྐྱོད་གནང་ཡོད་པ་དང་།ལྡི་ལི་དོན་གཅོད་དང་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་སྤྱི་འཐུས་ཨཙྱ་ར་ཡེ་ཤེས་ཕུན་ཚོགས་ནས་འབྲེལ་གཏུགས་ཀྱི་འགན་ཁུར་བླངས་ཏེ། ཕྱི་ཚེས་ ༣༠ ནས་བཟུང་སྤྱི་ལྷན་གྱི་སྐུ་ཚབ་རྣམ་པས་སྔ་རྗེས་སུ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དབུས་རྒྱུན་གྱི་ཚོགས་གཙོ་སྐུ་ཞབས་ཏྲི་ཁཱ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པ་སྐུ་ཞབས་མཱི་ལོ་སཱི་ལབ་སི་ཊ་སིག་མཆོག རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མ་འཛུགས་མཁན་དང་། སཱ་མ་ཇི་ཝ་ཏི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱོ་ཧན་སིང་། ཨ་རུ་ནཱ་ཅལ་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏཱ་ཀམ་སཱན་ཇོ་ཝ། བྷེལ་ཇེམ་གཞུང་ཚབ་ཁང་གི་དྲུང་ཆེ་སྐུ་ཞབས་ཇཱོ་ཆིན་དང་གཞུང་ཚབ་གཞོན་པ་ཨན་ཊོ་ནཱི་ལྷན་རྒྱས། རྒྱ་གར་གྲོས་ཚོགས་གོང་མའི་ཀོང་རེ་སིའི་འཐུས་མི་དང་ཀོང་རེ་སིའི་མགྲིན་ཚབ་པ་སྐུ་ཞབས་སཱ་ཊི་ཡཱ་ཝ་ར་ཊི་མཆོག སཱི་ལོ་ཝ་ཀི་ཡ་གཞུང་ཚབ་པ་མ་རའཻན་ཐོ་མ་སིག ཁཱེ་ན་ཌའི་གཞུང་ཚབ་གཞོན་པ་ཇིམ་ནིཀ་ཁེལ། ཉི་ཧོང་གཞུང་ཚབ་ཁང་གི་ཆབ་སྲིད་གནད་དོན་འགན་འཛིན་སྐུ་ཞབས་ཊ་ཀི་ཤི་ཨོ་སུའུ་ཀ འཇར་མན་གཞུང་ཚབ་ཁང་གི་counsellor སྐུ་ཞབས་གྷུ་ནཱར་ཌི་ནི་ཀི་དང་ཁོང་གི་ཕྱག་རོགས་གསུམ། སུད་སིའི་གཞུང་ཚབ་པའི་ལས་ཚབ་སྐུ་ཞབས་མཱར་ཊིན་སི་ཊིར་བྷི། ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་གནད་དོན་འགན་འཛིན་ལྕམ་སྐུ་ཨཱ་སཱ་བྷི་ལ་ཆན་དང་ཁོང་གི་ཕྱག་རོགས་གཉིས། ནོར་ཝེ་གཞུང་ཚབ་ཁང་གི་counsellor སྐུ་ཞབས་ཡན་གྷིར་ཐི། ཡུ་རོབ་མཐུན་ཚོགས་ཀྱི་ཡན་ལག་ལས་ཁུངས་སུ་ཆབ་སྲིད་དང་དཔལ་འབྱོར་ལས་དོན་ཐད་ཀྱི་འགན་འཛིན་སྐུ་སྐབས་ཁི་རི་སི་ཊོ་ཧྤི་དང་ཁོང་གི་ཕྱག་རོགས། སི་ཝི་ཌན་གཞུང་ཚབ་ཁང་གི་གཞུང་ཚབ་པ་སྐུ་ཞབས་ལཱར་སི་ཨོ་ལོབ་ཧྤི། ཨོ་སི་ཀྲི་རེ་ཡའི་གཞུང་ཚབ་གཞོན་པ་སྐུ་ཞབས་རཱ་མོན་མཱ་གྷི་སི། ཧྥ་རན་སི་གཞུང་ཚབ་ཁང་གི་counsellor སྐུ་ཞབས་ཇཱི་རི་མཱི་རོ་བྷར་དང་ཁོང་གི་ཕྱག་རོགས་གཉིས། ནིའུ་ཛི་ལན་ཌིའི་གཞུང་ཚབ་ཁང་གི་དྲུང་གཞོན་ལྕམ་ཨ་མིན་ཌ་ཝི་ཀོར། ཌན་མག་གཞུང་ཚབ་པ་སྐུ་ཞབས་ཧྤིར་ཌི་སི་ཝིན། ཐེ་ཝན་སྐུ་ཚབ་ལས་ཁང་གི་གཞུང་ཚབ་གཞོན་པ་པོལ་ཤེག དབྱིན་ཇིའི་གཞུང་ཚབ་ཁང་གི་ཆབ་སྲིད་གནད་དོན་དང་འབྲེལ་བའི་དྲུང་ཆེ་གཉིས་པ་སྐུ་ཞབས་སཱི་མོན་ཤར་པི་བཅས་དང་མཇལ་འཕྲད་གནང་སྟེ། སྤྱི་འཐུས་ལྷན་ཚོགས་ཀྱི་ཛ་དྲག་འབོད་སྐུལ་སྙན་ཞུ་སྤྱན་འབུལ་དང་སྦྲགས། ཁུངས་སོ་སོར་བོད་ནང་གི་ཛ་དྲག་གི་གནས་སྟངས་རྣམས་འགྲེལ་བརྗོད་ཞིབ་གསལ་གནང་འདུག་པ་དང་། འབྲེལ་ཡོད་སྐུ་ཚབ་རྣམ་པས་སོ་སོའི་གཞུང་ལ་གནས་ཚུལ་སྙན་གསན་ཞུ་རྒྱུའི་ཁས་ལེན་གནང་འདུག་པ་མ་ཟད། བོད་ནང་གི་གནས་སྟངས་ཤེས་ཚོར་ཡོད་པ་དང་། དེའི་ཐད་བློ་འཚབ་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་རྣམ་འགྱུར་མངོན་གསལ་དུ་བསྟན་ཏེ། རོགས་ཕན་གང་ཡོང་ཞུ་རྒྱུའི་ཁས་ལེན་གནང་འདུག་ཅིང་། སྐུ་ཚབ་མང་དག་ཅིག་ནས་སྤྱི་འཐུས་རྣམ་པར་བོད་ནང་གི་གནས་སྟངས་དང་། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་བྱེད་སྒོ་སོགས་ཀྱི་ཐད་ཐུགས་སྣང་ཆེན་པོས་དྲི་བ་དྲིས་འདུག་པར་རེ་རེ་བཞིན་གསལ་བཤད་ནན་འདྲོངས་བྱས་འདུག

སྤྱི་ལྷན་གྱི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ཚབ་ལ་སྤྱི་ལྷན་གྱིས་ཧུའུ་ཅིན་ཐའོ་ལ་ཕུལ་བའི་ཡོངས་བསྒྲགས་ཀྱི་སྙན་ཞུ་བརྒྱུད་འབུལ་དང་། ཛ་དྲག་གནས་སྟངས་སྐོར་གླེང་མོལ་མཇལ་འཛོམས་ཀྱི་དུས་བཅད་གནང་རྒྱུའི་སྙན་ཞུ་ཞིག་བཟོས་ཏེ་ལྡི་ལི་དོན་ཁང་གི་ལས་བྱེད་ཅིག་ཆེད་དུ་བསྐྱལ་བར་བཏང་འདུག་ཀྱང་།  རྒྱ་ཕྱོགས་ནས་ཐད་ཀར་བརྡ་ལན་བྱ་རྒྱུ་ལས་ལྡོག་སྟེ། ལྡི་ལིར་བཅའ་བཞུགས་གཞུང་ཚབ་ཁག་ལ་སྤྱི་ལྷན་སྐུ་ཚབ་ལ་མཇལ་འཕྲད་གནང་མི་འོས་པའི་ཡི་གེ་བཏང་འདུག

ལྡི་ལིའི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་སྤྱི་འཐུས་རྣམ་པ་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༣ ཉིན་གྱི་དགོང་དྲོ་ལྡི་ལི་ནས་ཐོན་ཏེ་ཚེས་༤ ཉིན་དྷ་སར་ཕེབས་འབྱོར་བྱུང་ཡོད་པ་རེད། །