སྤྱི་ལྷན་གྱི་སྐུ་ཚབ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་ཆེད་ལྡི་ལིར་ཕྱོགས་བསྐྱོད།

ལྕགས་ཡོས་ལོའི་བོད་ནང་རང་ལུས་ཞུགས་འབུལ་ལས་འགུལ་དང་རྒྱ་ལོའི་ལོ་གསར་སྐབས་བོད་མིའི་ཞི་རྒོལ་ལ་དམར་གསོད་ཀྱི་དོན་རྐྱེན་མུ་མཐུད་འབྱུང་བཞིན་པ་བཅས་ཀྱི་ཛ་དྲག་གནས་སྟངས་སེལ་སླད། རྒྱུན་ལས་ལྷན་ཚོགས་སུ་སྤྱི་ལྷན་ནས་ལས་འགུལ་སྤེལ་རྒྱུའི་རྣམ་གྲངས་དུ་མ་ཐག་གཅོད་གནང་བ་བཞིན། རྒྱལ་ཚོགས་སྐུ་ཚབ་ལས་ཁུངས་དང་། གཞུང་ཚབ་ཁག  རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་དང་། སྲིད་དོན་མི་སྣ་སོགས་ལ་གནས་ཚུལ་ཞུ་སྐུལ་དང་། དེ་བཞིན་རྒྱ་ནག་གཞུང་ཚབ་ལ་སྤྱི་ལྷན་གྱི་དམིགས་བསལ་དགོས་འདུན་ཐད་སྤྲོད་དང་། རྒྱ་ནག་གི་སྲིད་འདིན་ཧུའུ་ཅིན་ཐའོ་ལ་སྤྱི་ལྷན་གྱི་ཡོངས་བསྒྲགས་སྙན་ཞུ་བརྒྱུད་འབུལ་སླད། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གཙོས་པའི་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་བཅས་སྤྱི་འཐུས་བཞི་ལས་གྲུབ་པའི་སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཚེས་ ༢༩ ཉིན་ལྡི་ལིར་ཆེད་བསྐྱོད་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༢ ཚེས་ ༣ ཕྱིར་ཕེབས་གནང་འཆར་ཡོད་པ་རེད།།