
༄༅། ། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༧ ནས་ ༡༨ བར་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། གཞིས་གྲོང་ཁག་གི་ལས་གཞི། སློབ་གྲྭ་བཅས་ལ་འཚམས་གཟིགས་དང་། དགོན་སྡེ་ཁག་ལ་གནས་མཇལ། ས་གནས་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་སྟེ་ཐེངས་འདིའི་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་སཾ་བྷོ་ཊ་ཉིན་སློབ་དབུས་མ་དང་། ཡན་ལག་སློབ་གྲྭ། ས་ཞིང་བཅས་ལ་འཚམས་གཟིགས་དང་།

ཉིན་རྒྱབ་ས་གནས་མི་མང་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་དང་། མང་ཚོགས་ཀྱི་དགོངས་ཚུལ་དང་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་འདུག

དགོང་དྲོ་ས་གནས་མཉམ་འབྲེལ་ནས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ལ་གསོལ་སྟོན་བཤམས་པ་དང་། དེའི་སྐབས་ས་གནས་ཀྱི་ལས་སྣེ་རྣམ་པས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་སྐྱེལ་མཇལ་དར་ཕུལ་ཏེ།

ཐེངས་འདིའི་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཚེས་ ༡༩ ཉིན་སྤྱི་འཐུས་རྣམ་གཉིས་བྷ་རམ་པུར་ནས་མེ་འཁོར་བརྒྱུད་གྷ་ཡར་ཕེབས་ཐོན་གནང་སྟེ། མུ་མཐུད་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས།


