སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་ནས་བལ་ཡུལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༡ ཉིན་བལ་ཡུལ་ཡང་ལེ་ཤོད་ལ་གཞུང་འབྲེལ་ཕྱོགས་བསྐྱོད་དང་། ཕྱི་ཚེས་ ༡༥ ནས་ ༡༧ བར་བལ་ཡུལ་རྒྱལ་ས་དང་། མཆོད་འཇོར་ས་འགོ་ཁྱབ་ཁོངས་བཅས་ཀྱི་ལས་རིམ་ཁག་གྲུབ་རྗེས། ཐེངས་འདིའི་བལ་ཡུལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཕྱི་ཚེས་ ༡༡ ཉིན་བལ་ཡུལ་དོན་གཅོད་དང་། རྒྱལ་འཕགས་ས་འགོ་བཀྲ་ཤིས་རྡོ་རྗེ་ལགས་གཉིས་ཀྱི་ལྷན་ཡང་ལེ་ཤོད་ལ་གཟིགས་སྐོར་ཕེབས་ཤིང་། སྔ་དྲོ་ཆུ་ཚོད་ ༩།༠༠ ཡོལ་ཙམ་ལ་ས་གནས་ཀྱི་འབྲེལ་མཐུད་པ་བུ་ཕྲུག་ཉི་མ་ལགས་དང་། གྲུབ་ཐོབ་དགོན་པའི་ལས་སྣེ་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས།

ཕྱི་དྲོ་ཆུ་ཚོད་ ༤།༠༠ བར་རིམ་བཞིན་ཡང་ལེ་ཤོད་ལ་ཡོད་པའི་རིས་མེད་དགོན་སྡེ་ཁག་བཅུ་ཙམ་ལ་འཚམས་འདྲའི་གཟིགས་སྐོར་དང་། སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། གསུང་བཤད་དང་དོགས་འདྲི་ཞུས་ཁག་ལ་ལན་འདེབས་གསལ་བཤད་སོགས་ཀྱང་གནང་ཡོད་པ་དང་། ཕྱི་དྲོ་རོང་ཤར་ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་གི་ཐུན་མིན་རྗེ་བཙུན་མི་ལ་རས་པའི་འདས་མཆོད་སྲུང་རྩི་སླད་ནང་རྟེན་བྱིན་ཅན་ཁག་འགྲེམས་སྟོན་ལ་ཆེད་ཕེབས་མཛད་དེ་གནས་གཟིགས་གནང་ཡོད་འདུག

ཕྱི་ཚེས་ ༨ ནས་ ༡༣ བར་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་དང་། ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་གཉིས་ཀྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གྲུབ་མཚམས། ཕྱི་ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་རིང་བལ་ཡུལ་མཆོད་འཇོར་ས་འགོའི་ཁྱབ་ཁོངས་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་གཟིགས་སྐོར་དང། མི་མང་འདུ་འཛོམས་ཐོག་གསུང་བཤད། མི་མང་གི་བདེ་སྡུག་ཞུས་ཁག་ལ་གསན་ཞིབ།

དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་འཐུས་མི་རྣམ་པ་ཐུག་འཕྲད་ཀྱིས་གསུང་བཤད་དང་། འཐུས་མི་རྣམ་པས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་སྟེ། ཕྱི་ཚེས་ ༡༨ ཉིན་བལ་ཡུལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པ་གྲུབ་ནས་སྤྱི་འཐུས་རྣམ་གཉིས་ཕྱིར་སོ་སོའི་བཞུགས་གནས་སུ་ཕེབས་ཐོན་གནང་ཡོད་པ་བཅས།