སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་ནས་བལ་ཡུལ་ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༢ ནས་ ༡༣ བར་ཉིན་གྲངས་གཉིས་རིང་བལ་ཡུལ་ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་དང་། བོད་སྐྱིད་རོང་གི་ས་མཚམས་གསེར་ཐང་། ཐང་མོ་ཆེ་ས་གནས་བཅས་ཀྱི་ནང་གནས་སྡོད་བོད་མི་རྣམས་སོགས་སོ་སོར་ཐུག་འཕྲད་ཀྱིས་མི་མང་གི་བདེ་སྡུག་གསན་ཞིབ་དང་། གཟིགས་སྐོར་སོགས་གནང་ནས་ཐེངས་འདིའི་ར་སུ་ཝ་ཁུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༢ ཉིན་སྔ་དྲོ་ར་སུ་ཝར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་ ༣།༠༠ ཙམ་ལ་ཕ་ཡུལ་བོད་སྐྱིད་རོང་གི་ས་མཚམས་གསེར་ཐང་ཞེས་པའི་ས་གནས་ལ་ཕེབས་འབྱོར་མཚམས། ས་གནས་ཁ་འཐོར་མི་མང་གི་འབྲེལ་མཐུད་པ་དང་མི་མང་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། མི་མང་རྣམས་ལྷན་འཛོམས་ཀྱིས་ས་གནས་མི་མང་སྤྱི་ཡོངས་ཀྱི་དཀའ་ངལ་དང་མི་མང་འཚོ་རྟེན། ཡིག་ཆའི་དཀའ་ངལ་སོགས་བརྗོད་གཞི་སྣ་ཚོགས་ཐོག་བསམ་ཚུལ་བསྡུ་ལེན་དང་དོགས་འདྲི་ཕུལ་བ་ཁག་ལ་ལམ་སྟོན་དང་གསལ་བཤད་གནང་བ་དང་། དེ་རྗེས་སྤྱི་འཐུས་གཉིས་ནས་ཕ་ཡུལ་བོད་ཀྱི་རི་ཆུ་ནག་གསུམ་ལ་རྒྱང་ལྟ་ཡང་ཡང་མཛད་ནས་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་ལམ་འདེབས་གནང་འདུག

ཕྱི་དྲོ་ཐང་མོ་ཆེ་ཞེས་པར་ཕེབས་ནས་གཞིས་གྲོང་གི་མདུན་ཐང་ལ་འབྱོར་མཚམས། མི་མང་ནས་ཕེབས་སྒུག་སྣེ་ལེན་དང་། དེར་ཡོད་མི་མང་རྣམ་པའི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ནས་ས་གནས་བོད་པའི་མི་མང་གི་དཀའ་ངལ་ཁག་ལ་གཟིགས་ཞིབ་དང་། གང་མགྱོགས་དགོས་ངེས་ཀྱི་འཛུགས་བསྐྲུན་རིགས་རྣམས་བལ་ཡུལ་སྐུ་ཚབ་དོན་གཅོད་བརྒྱུད་ནས་གནང་རྒྱུ་གནང་བ་དང་། དེ་ནས་གཞིས་ཆགས་ཀྱི་ས་ཁང་ལ་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་ཤ་རུབ་གཞིས་གྲོང་ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ་དང་། དེར་ཡོད་སྤོ་བོ་པ་སངས་ནོར་བུ་ལགས་དང་ཐུག་འཕྲད་ཀྱིས་གཞིས་ཆགས་ཀྱི་གནས་སྟངས་ལ་གཟིགས་ཞིབ་དང་། ཁ་འཐོར་བོད་མི་རྣམས་ཀྱི་འབྲེལ་མཐུད་པ་དང་། རང་ཚོགས་འཐུས་མི་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཏེ། འཐུས་མི་རྣམ་པའི་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་དང་། གཞིས་ཆགས་ཀྱི་ཁར་དབང་རྣམས་གཞན་ལ་མ་ཤོར་བར་ཚུལ་མཐུན་བེད་སྤྱོད་གནང་དགོས་པ་སོགས་ལམ་སྟོན་གནང་ནས་ཁུལ་དེའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད་པ་རེད།

སྐབས་དེར་སྤྱི་འཐུས་རྣམ་གཉིས་དང་ལྷན་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། ཤ་ཝ་ར་གསུམ་གྱི་རྩིས་དྲུང་རྡོ་རྗེ་ཚེ་དབང་ལགས་གཉིས་ལྷན་བཅར་ཞུས་འདུག་པ་བཅས།