སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་ནས་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།


༄༅། །བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༧ ནས་ ༩ བར་བལ་ཡུལ་ཤར་ཁུམ་དུ་༸སྐྱབས་རྗེ་འཁྲུལ་ཞིག་ཡང་སྲིད་རིན་པོ་ཆེ་མཇལ་ཁ་ཞུས་པ་དང་། དེ་བཞིན་ས་གནས་དཔོན་རིགས་དང་། མང་ཚོགས་ཐུག་འཕྲད། དགོན་སྡེ་དང་སློབ་གྲྭ། སྡེ་ཚན་ཁག་ལ་གཟིགས་སྐོར་བཅས་གནང་ནས་ས་གནས་མི་མང་གི་བདེ་སྡུག་གཟིགས་ཞིབ་མཐིལ་ཕྱིན་གནང་སྟེ། བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༥ པའི་ཚེས་ ༥ ཉིན་བལ་ཡུལ་རྒྱལ་ས་དང་ཁྱབ་ཁོངས་མཐའ་མཚམས་གཞིས་ཆགས་ཁག་ལ་གཟིགས་སྐོར་སླད་བལ་ཡུལ་ལ་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༦ ཉིན་བལ་ཡུལ་དོན་གཅོད་ཀྱིས་གཙོས་པའི་འབྲེལ་ཡོད་རྣམ་པའི་ལྷན་ཚོགས་འདུ་དང་ལས་རིམ་ཁག་བཟོས་གནང་འདུག

ཕྱི་ཚེས་ ༧ ཉིན་བལ་ཡུལ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། ཤ་ཝ་ར་གསུམ་གྱི་རྩིས་དྲུང་རྡོ་རྗེ་ཚེ་དབང་ལགས་རྣམ་གཉིས་ཀྱི་ལྷན། ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་ཞིང་། ཕྱི་ཚེས་ ༨ ཉིན་སྔ་དྲོ་ཤར་ཁུམ་ས་གནས་ཀྱི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས་ད་བར་བོད་པ་སྤྱི་དང་། ལྷག་པར་ས་གནས་བོད་པའི་གཞིས་ཆགས་དང་དགོན་པ་ཁག་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སླད་ཀྱང་མུ་མཐུད་ནས་མཐུན་འགྱུར་རོགས་རམ་ཡོང་བ་སོགས་ཞུས་ནས་མཇལ་དར་དང་ཕྱག་རྟགས་ཕུལ་གནང་། དེ་ནས་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་ཀྱི་འབྲེལ་མཐུད་པ་དང་མི་མང་བཅས་ནས་མཇལ་དར་བསྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས།

དེ་རྗེས་མི་མང་ཚོགས་ཁང་ནང་ཁྱོན་མི་གྲངས་ཉི་ཤུ་ཡས་མས་ཤིག་འདུ་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། བལ་ཡུལ་དོན་གཅོད་ནས་ཚོགས་འདུ་དབུ་འཛུགས་དང་། སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་རྗེས། ས་གནས་བོད་མི་རྣམས་ལ་ཡིག་ཆའི་དཀའ་ངལ་སོགས་དོགས་འདྲི་ཞུས་ཁག་ལ་གསལ་བཤད་དང་བསམ་ཚུལ་བསྡུ་རུབ་སོགས་གནང་འདུག

དེ་ནས་ས་གནས་ཀྱི་སྡེ་ཚན་ཁག་དང་སློབ་གྲྭ གུ་རུ་ལྷ་ཁང་དགོན་སྡེ་ཁག་སོགས་ལ་མཆོད་མཇལ་དང་གཟིགས་སྐོར་དང་། ཕྱི་དྲོ་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་དགོན་པ་ཐུབ་བསྟན་ཆོས་གླིང་ལ་ཕེབས་ཤིང་། དགོན་པར་ཕེབས་འབྱོར་མཚམས་དགོན་པའི་ཕྱག་མཛོད་དང་ལས་སྣེ་ཁག་ནས་ཕེབས་བསུ་སྣེ་ལེན་ཞུས། ཕྱི་ཚེས་ ༩ ཉིན་སྔ་དྲོ་དགོན་པར་གནས་གཟིགས་དང་། ༸སྐྱབས་རྗེ་འཁྲུལ་ཞིག་ཡང་སྲིད་རིན་པོ་ཆེ་མཇལ་རྗེས་དགོན་པའི་དབུ་ཆོས་ལས་སྣེ་རྣམ་པའི་ལྷན་བཞུགས་མོལ་ཚོགས་པ་དང་།

དེའི་སྐབས་སྤྱི་འཐུས་རྣམ་པ་གཉིས་ནས་དགོན་པའི་ངོས་ནས་ད་བར་བསྟན་སྲིད་སྤྱིའི་ཞབས་རིམ་དང་ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཚེ་སྒྲུབ་གནད་སྨིན་གནང་བར་བཅས་ལ་ཐུགས་རྗེ་ཆེ་ཞུ་སོགས་ཞུས་པ་དང་། ཆབས་ཅིག་ལས་སྣེ་ཁག་གིས་དགོངས་ཚུལ་དང་རེ་སྐུལ་ཞུས་ཁག་ལ་གསལ་བཤད་དང་ཟིན་ཐོ་སོགས་ཞུས་ནས་ཤར་ཁུམ་ཁུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད་པ་བཅས།