སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་རྒྱ་གར་ཧར་ཡ་ན་མངའ་སྡེའི་ནང་ཡོད་པའི་བོད་མིའི་སུད་ཚོང་ས་གནས་ཁག་གསུམ་ལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། ། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༥ ནས་ ༢༦ བར་ཉིན་གྲངས་གཉིས་རིང་རྒྱ་གར་ཧར་ཡ་ན་མངའ་སྡེའི་ནང་ཡོད་པའི་བོད་མིའི་སུད་ཚོང་ས་གནས་ཁག་གསུམ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་ཅིང་། དེ་ཡང་སུད་ཚོང་ས་གནས་གྷུ་རུ་གྷ་རམ་ (Gurugram) དང་། སོ་ནི་པཏ།(Sonipat) པ་ནི་པཏ། (Panipat) བཅས་ལ་གཟིགས་སྐོར་ཕེབས་སྐབས། ས་གནས་བོད་མི་སུད་ཚོང་བ་རྣམ་པས་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག


སུད་ཚོང་མི་མང་ཐུག་འཕྲད་སྐབས་སོ་སོར། སྤྱི་འཐུས་མཆོག་གིས་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་དང་། ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་བབ། བཙན་བྱོལ་ནང་ཚང་མས་བོད་དོན་ཞུ་སྐུལ་ཐོག་མཉམ་ཞུགས་གནང་རྒྱུའི་གལ་གནད། མང་གཙོའི་སྤྱི་ཚོགས་ནང་མི་མང་གི་ལས་འགན་དང་། ཕྱོགས་ཡོངས་ནས་མཉམ་བསྐྱོད་དང་། སྤྱི་སྙོམས། བཟོད་བསྲན་སོགས་གོང་མཐོར་གཏོང་དགོས་སྐོར་སོགས་གསུངས་གནང་ཡོད།


གཞན་ཡང་སྐབས་དེར་སུད་ཚོང་བ་རྣམ་པས་ས་གནས་ཀྱི་བདེ་སྡུག་སྐོར་སྙན་སེང་དང་། ཁོང་རྣམས་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་སོགས་ཀྱི་ཐོག་དགོངས་འཆར་ཕུལ་གནང་འདུག
སྤྱི་འཐུས་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་འགོ་འཛུགས་གནང་ཡོད་པ་བཅས། །