སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་ཨོ་གླིང་རི་སྔོན་པོ་བོད་རིགས་མཐུན་ཚོགས་ནས་མགྲོན་འབོད་ལྟར་༸སྐུའི་གོ་སྟོན་མཛད་སྒོར་ཆེད་བཅར་གནང་བ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་ཨོ་གླིང་རི་སྔོན་པོ་བོད་རིགས་མཐུན་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་བཅར་གནང་ཡོད་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་པས་རི་སྔོན་པོའི་གྲོང་སྡེ་ལྷན་ཚོགས་ཀྱི་མདུན་ཐང་དུ་ཨོ་གླིང་དང་། བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཞིང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་དམིགས་བསལ་གྱི་དུས་ཚོད་ཁྱད་པར་ཅན་འདིར་རི་སྔོན་པོ་བོད་རིགས་མཐུན་ཚོགས་ཀྱིས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐོག་མར་རི་སྔོན་པོ་ས་ཁུལ་མི་འདྲ་བར་བོད་ཀྱི་རྒྱལ་དར་ ༡༡༣ སྒྲེང་འཛུགས་ཀྱི་མཛད་སྒོ་དེ་བཞིན་དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠  ཐོག་རི་སྔོན་པོ་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་མདུན་དུ། གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་མག་གྷི་རིན་ཧིལ་ (Mark Greenhill) མཆོག་དང་། གྲོས་ཚོགས་འཐུས་མི་སུ་སན་ཊེམ་པལ་མན་ (Federal MP Susan Templeman) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཀྲི་རིཤ་ཌོ་ཡལ་ (State MP Trish Doyle) ལགས། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག  གྲོང་སྡེ་སྤྱི་ཁྱབ་པ་གཞོན་པ་ར་མོ་ལ་ཧོ་ལི་ཝུཌ་ (Deputy Mayor Romola Hollywood) ལགས། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སུ་ཛི་ཝེན་ཨོབ་ཌོབ་ (City Councillor Suzie Van Opdorp) ལགས། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་དང་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཀེ་རི་ བྷ་རོན་ (Kerry Brown, Former Green Councillor) ལགས། སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་སོགས་ཆེད་བཅར་གྱིས་གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། རིམ་པས་རི་སྔོན་པོའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་དང་མི་སྒེར་སོགས་ཀྱི་ཁང་སྟེང་དང་སྒོ་འགྲམ་སོགས་སུ་རྒྱལ་དར་ ༡༡༣  སྒྲེང་འཛུགས་ཀྱིས་ཉིན་གཅིག་དུས་གཅིག་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ ༡༡༣ སྒྲེང་འཛུགས་གནང་ཡོད་འདུག

དེ་རྗེས་རི་སྔོན་པོའི་བྱང་ཕྱོགས་མི་མང་སློབ་གྲྭ་ (Katoomba Public School) ཡི་ཚོགས་ཁང་དུ་ཡུལ་དེའི་གདོད་མའི་མི་རིགས་ཀྱི་སྐུ་ཚབ་ཨན་ཊཡེ་ ཁེ་རོལ་ (Auntie Carol) ལགས་དང་། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ།   ཚོགས་པ་ཁག་གི་སྐུ་ཚབ། ས་གནས་བོད་མི་སོགས་ཁྱོན་མི་གྲངས་ཉིས་བརྒྱ་མ་ཟིན་ཙམ་འདུ་འཛོམས་ཀྱིས་༸སྐུའི་གོ་སྟོན་གྱི་མཛད་སྒོ་དངོས་སུ་ཚོགས་ཡོད་ཅིང་། སྐུ་མགྲོན་ནང་ལོ་མང་རིང་གི་བོད་དང་བོད་མིའི་གྲོགས་པོ་རྙིང་པ་ཉི་ཤུ་ཙམ་དང་། དེ་བཞིན་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་ཙམ། དེའི་ཁོངས་ས་ཐག་རིང་པོ་ནས་ཕེབས་པའི་མི་གྲངས་བཅུ་ཙམ་ཆེད་ཕེབས་གནང་འདུག་པ་མ་ཟད། ཨོ་གླིང་གི་མངའ་སྡེ་ཁག་མི་འདྲ་བ་བཞི་ནས་ཡོད་འདུག

མཛད་སྒོའི་ཐོག་མར་ཨོ་གླིང་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་ནས་རི་སྔོན་པོ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཡ་ལོ་ངག་དབང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། རིམ་བཞིན་སྐུ་མགྲོན་རྣམ་པས་གསུང་བཤད་གནང་ཡོད་འདུག

སྐབས་དེར་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་མག་ གྷི་རིན་ཧིལ་ (Mark Greenhill) མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་བཞེས་པར་འཚམས་འདྲི་དང་སྦྲགས། སྐུ་ཞབས་ཁོང་ཉིད་བོད་དང་འབྲེལ་བ་བྱུང་སྟེ་མི་ལོ་བཅུ་ལྷག་ཕྱིན་པའི་སྐོར་དང་། ལྷག་པར་དུ་ཁོང་ཉིད་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ཡིན་སྐབས། ༸གོང་ས་མཆོག་ཡུལ་དེར་ཆེད་ཕེབས་གནང་བའི་སྐོར་ངོ་སྤྲོད་དང་། ས་གནས་བོད་རིགས་མཐུན་ཚོགས་དང་འབྲེལ་བ་མུ་མཐུད་བྱས་ནས། རིག་གཞུང་མཉམ་འབྲེལ་དང་། ས་གནས་ཀྱི་མི་མང་པོར་ཞབས་འདེགས་ཞུ་ཐུབ་པ་བྱུང་སྐོར་སོགས་གསུངས་པ་དང་།

གྲོས་ཚོགས་འཐུས་མི་སུ་སན་ཊེམ་པལ་མན་ (Federal MP Susan Templeman) མཆོག་གིས། ཁོང་ཉིད་ནས་འདས་པའི་ལོ་ཟླའི་ནང་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་མཇལ་བསྐལ་བྱུང་བའི་སྐོར་དང་། ཨོ་གླིང་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་བྱ་རྒྱུ་བྱུང་བ།  ༸གོང་ས་མཆོག་གིས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བྱམས་པ་དང་། བདེ་སྐྱིད་བསྐྲུན་ཐབས་ཀྱི་མཛད་ཁུར་ཐོག་ནས་འཛམ་གླིང་ནང་ཕན་ཐོགས་ཆེན་པོ་བསྐྲུན་ཡོད་པ། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་གསུངས་པ་དང་། དེ་བཞིན་བོད་ལ་གང་མགྱོགས་རང་དབང་ཐོབ་པ་དང་། ༸གོང་ས་མཆོག་གིས་མུ་མཐུད་འགྲོ་བ་མིའི་ཆེད་རླབས་ཆེན་གྱི་ཕྱག་ལས་གནང་ཐུབ་པའི་སྨོན་འདུན་བཅས་ཞུས་འདུག

ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས། ༸གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་སྐབས་ཚང་མས་མགོན་པོ་གང་ཉིད་ཀྱི་མཛད་རྗེས་ལ་རྗེས་དྲན་ཡིད་རངས་ཞུ་རྒྱུ་དང་།  བོད་ནང་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་རང་དབང་མེད་པ། རྒྱ་གར་དང་ཨོ་གླིང་སོགས་རང་དབང་ལུང་པའི་ནང་སྡོད་མཁན་བོད་མི་ཚོར་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་བྱུང་བར། བོད་མི་གནས་སྡོད་བྱ་སའི་རྒྱལ་ཁབ་དེ་དག་གི་གཞུང་མང་གཉིས་ཀྱིས་གཙོས་འབྲེལ་ཡོད་ཚང་མར་བཀའ་དྲེན་ཆེ་ཞེས་གསུངས་པ་དང་།  ཉེ་ཆར་བོད་ཀྱི་ཆོས་ཚོགས་ཐེངས་ ༡༥ པའི་སྐབས་༸གོང་ས་མཆོག་གི་༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པ་དང་། དེའི་འགན་དབང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་སྐོར་སོགས་གསུངས་པ་དང་། མ་འོངས་པར་བོད་ཀྱི་བདེན་མཐའ་གསལ་རྒྱུར་རྣམ་པ་ཚོས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་བཅས་ཞུས་གནང་འདུག

སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་གསུངས་འདུག

རིམ་པས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཀྲི་རིཤ་ཌོ་ཡལ་ (State MP Trish Doyle) ལགས་དང་། གྲོང་སྡེ་སྤྱི་ཁྱབ་པ་གཞོན་པ་ར་མོ་ལ་ཧོ་ལི་ཝུཌ་ (Deputy Mayor Romola Hollywood) ལགས། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སུ་ཛི་ཝེན་ཨོབ་ཌོབ་ (City Councillor Suzie Van Opdorp) ལགས། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་དང་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཀེ་རི་ བྷ་རོན་ (Kerry Brown, Former Green Councillor) ལགས་སོགས་ཀྱིས་གསུང་བཤད་གནང་། གཞན་ཡང་མཛད་སྒོའི་ཐོག་རི་སྔོན་པོ་བོད་རིགས་ཚོགས་པའི་བོད་ཕྲུག་དང་། མི་མང་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་དང་། ས་གནས་སུ་གནས་སྡོད་མི་སེར་དབུལ་ཕོངས་རྣམས་ལ་རིན་མེད་ཉིན་གུང་ཞལ་ལག་བཏང་བ་སོགས་བྱས་འདུག

མཐར་ཚོགས་གཞོན་ཤེལ་དགེ་འདུན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། རི་སྔོན་པའི་༸རྒྱལ་བའི་གོ་སྟོན་སྲུང་བརྩི་དེ་བཞིན་གཟི་བརྗིད་དང་ལོ་རྒྱུས་རང་བཞིན་ལྡན་པའི་ཐོག་ནས་མཇུག་བསྒྲིལ་ཡོད་འདུག

གཞི་རྩའི་ཨོ་གླིང་ནང་གི་ས་གནས་བོད་རིགས་མཐུན་ཚོགས་ཁག་བཅུ་གྲངས་ཡོད་པ་ཚང་མས། སོ་སོའི་བོད་རིགས་མཐུན་ཚོགས་ཀྱི་སྣེ་ཁྲིད་འོག་༸སྐུའི་གོ་སྟོན་འཁྲུངས་སྐར་གྱི་མཛད་སྒོ་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་དང་།   སྐུ་མགྲོན་དུ་དབུས་དང་མངའ་སྡེ། དེ་བཞིན་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་དང་།  བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གང་མང་ཕེབས་ཡོད་འདུག་པ་བཅས།