
༄༅། ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག སྦེལ་འཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འཇམ་དབྱངས་བློ་འཕེལ་སྐབས་གཉིས་པ་དང་གསུམ་པའི་སློབ་མཐར་ཕྱིན་པའི་སློབ་ཕྲུག་ཁྱོན་མི་གྲངས་ ༣༠ རྒྱ་གར་དུ་ཤེས་ཡོན་ལྟ་སྐོར་སླད་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་གངས་སྐྱིད་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་ཚོགས་བཅར་བ་སློབ་ཕྲུག་རྣམས་ལ་མང་གཙོའི་ལམ་ལུགས་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབྱུང་རིམ་དང་སྐབས་དུས་སོ་སོར་འགྱུར་བ་ཇི་བྱུང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་སོང་།

དེ་ཡང་སྤྱི་འཐུས་མཆོག་གིས་སྤྱིར་མང་གཙོའི་ལམ་ལུགས་ཀྱི་འབྱུང་རིམ་དང་། མང་གཙོའི་ཀ་བ་གསུམ་གྱི་སྐོར། ལྷག་པར་དུ་ཕྱི་ལོ་ ༡༩༥༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་རྗེས། ཐོག་མར་ལེགས་བཅོས་ཚོགས་ཆུང་ཞེས་པ་བཙུགས་ཏེ། བོད་ཀྱི་སྔ་མོའི་ཆབ་སྲིད་ལམ་ལུགས་ལ་འགྱུར་བཅོས་བཏང་འགོ་འཛུགས་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། ཐོག་མར་མ་སུ་རིར་བཞུགས་པའི་སྐབས་བོད་གཞུང་གི་གཞུང་ཞབས་རྙིང་པ་རྣམས་བསྐོངས་ཏེ། བོད་གཞུང་གི་ཆབ་སྲིད་ཀྱི་འགྲོ་སྟངས་དེ་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་ཞིག་དགོས་ཀྱི་ཡོད་པ་དང་། དེའི་ཐོག་ཚང་མས་དགོངས་པ་བཞེས་དགོས་པའི་བཀའ་སློབ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་གནད་ཡོད་མི་སྣ་རྣམས་འཛོམས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། ༧གོང་ས་མཆོག་གིས་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་པའི་སྐོར་དང་།

སྐབས་དེར་༧གོང་ས་མཆོག་གིས་སྔ་འཕྲོས་རིང་ཆོས་བརྒྱུད་ཆེན་པོ་བཞི་དང་ཆོལ་ཁ་གསུམ་སོ་སོའི་སྤྱི་འཐུས་འོས་དམིགས་ཕུལ་བར་ཕྱག་རྟགས་བསྐོ་གཞག་ཕེབས་དགོངས་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབྱུང་རིམ་དང་། དེ་ནས་སྐབས་དུས་སོ་སོར་སྤྱི་འཐུས་ཀྱི་གྲུབ་ཆ་དང་། གྲངས་འབོར་ལ་འགྱུར་བ་ཇི་བྱུང་དང་། ལྷག་པར་དུ་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ། འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་དང་། འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་བཅས་རང་དབང་ཅན་གྱི་སྡེ་ཚན་གསུམ་ཡོད་པ་ད་ཆ་མང་གཙོའི་ཆ་ལག་ཚང་བའི་ཐོག་བསྐྱོད་བཞིན་ཡོད་པ།

ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱེད་བགྲེས་ཡོལ་ལ་ཕེབས་པ་དང་། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ཁག་ལ་གསོལ་སྩལ་གནང་བ་སོགས་མང་གཙོའི་ཀ་བ་གསུམ་གྱི་འབྱུང་རིམ་དང་། ལོ་དུས་སོ་སོའི་ནང་མང་གཙོའི་འཕེལ་རིམ་ཐོག་འགྱུར་བ་ཇི་བྱུང་སྐོར། དེ་བཞིན་གྲོས་ཚོགས་ཚོགས་དུས་གཉིས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་རྗེས། ཚོགས་བཅར་བ་སློབ་ཕྲུག་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།


