སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་བཞུགས་སྒར་ཉེ་འཁྲིས་ས་གནས་ཁག་ཏུ་འཚམས་གཟིགས་ལེགས་གྲུབ།

ས་གནས་ཆ་བགོས་ལྟར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༥ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བ་དང་། ཕྱི་ཟླ་ ༨ ཚེས་ ༡༢ ནས་༡༤  བར་ཌལ་ཧོར་ས་གནས་སུ་འཚམས་གཟིགས་སུ་ཕེབས་ཏེ་ཌལ་ཧོར་མི་མང་དང་། ཌལ་ཧོལ་གཏན་སློབ་དགེ་ལས་སློབ་ཕྲུག་བཅས་པར་བརྗོད་གཞི་གཏན་འབེབས་ལྟར་གསུང་བཤད་དང་དྲི་བ་ཁག་ལན་འདེབས་གནང་ཡོད་པ་དང་། དེ་བཞིན་གཞིས་ཆགས་ཀྱི་གནས་སྟངས་དང་། དགེ་འདུན་པ་ ༡༦ ཙམ་གྱི་བཞུགས་གནས། ས་གནས་འཐུས་ཚོགས། ས་གནས་གཞོན་ནུ་ཚོགས་ཁང་། ལས་ཁུངས་བཟོ་གྲྭ་བཅས་སུ་གཟིགས་སྐོར་གནང་ཡོད།
སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ཟླ་༦ ཚེས་ ༢༧ ལ་བོད་ཀྱི་ཟློས་གར་ཚོགས་པ་ དང་། ཕྱི་ཟླ་༦ ཚེས་༣༠ ལ་མེག་གྷན་མི་མང་། ཕྱི་ཟླ་ ༧ པའི་ཚེས་ ༡ རྡ་སྟེང་བོད་ཁྱིམ་དུ་དགེ་ལས་སློབ་ཕྲུག ཕྱི་ཟླ་ ༧ ཚེས་ ༢ ཉིན་དབུས་སྨན་རྩིས་ཁང་གི་ལས་བྱེད་སློབ་ཕྲུག ཕྱི་ཟླ་ ༧ ཚེས་ ༤ ཉིན་ས་ར་མཐོ་སློབ་དང་། ཅ་མུན་ཌ། ཀང་ར་མི་མང་། ཕྱི་ཟླ་ ༧ ཚེས་ ༡༡ ནོར་གླིང་གཡས་གཡོན་གྱི་མི་མང་སློབ་ཕྲུག་དང་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་རྣམས། ཕྱི་ཟླ་ ༧ ཚེས་ ༡༢ རྡ་ཤོད་བོད་ཁྱིམ་དགེ་ལས་སློབ་ཕྲུག་རྣམས་དང་། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱུད་སྟོད་གྲྭ་ཚང་། ཕྱི་ཟླ་ ༧ ཚེས་ ༡༤ ཉིན་ཏེ་ལོ་པུར་བཙུན་མ་རྣམས། ཕྱི་ཟླ་ ༨ ཚེས་ ༢ ཉིན་གྷོ་པལ་པུར་བོད་ཁྱིམ་དགེ་ལས་སློབ་ཕྲུག་བཅས་ལ་གསུང་བཤད་དང་དོགས་འདྲི་ཁག་ལ་ལན་འདེབས་གནང་བ་དང་། འཚམས་གཟིགས་སུ་ཕེབས་སྐབས་རིང་ས་གནས་འགོ་འཛིན་དང་རང་བདེན་ཚོགས་ཆུང་ངམ་ས་འཐུས་ཀྱི་སྐུ་ཚབ་བཅས་ལྷན་བཅར་གྱིས་ཁྱབ་ཁོངས་སོ་སོས་སྣེ་ལན་དང་མི་མང་རྣམས་ཀྱིས་དོ་སྣང་གང་ལེགས་གནང་འདུག །