
༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་དགོང་དྲོ་ཆུ་ཚོད་ ༩།༠༠ ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༣ ཉིན་ཞོགས་པ་ཆུ་ཚོད་ ༧།༠༠ ཙམ་ལ་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཕེབས་འབྱོར་བྱུང་བ་དང་། ཉིན་རྒྱབ་སྤྱི་འཐུས་རྣམ་གཉིས་ལྷན་འཛོམས་ཐོག་འཚམས་གཟིགས་ཕྱོགས་བསྐྱོད་དང་། གསུང་བཤད་ཀྱི་བརྗོད་གཞིའི་ཐད་བཀའ་བསྡུར་ལྷུགས་པོ་གནང་ཞིང་། དེ་ཡང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྐབས་ ༡༨ པའི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་ཡིག་ཆ་ཁག་གི་སྐོར་ལ་གསུང་བཤད་གནང་རྒྱུ་དང་། སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར་ལ་གསུང་བཤད་གནང་རྒྱུའི་ཆ་བགོས་སོགས་འཚམས་གཟིགས་སྐོར་ལ་བཀའ་བསྡུར་ལྷུགས་པོ་གནང་འདུག

ཕྱི་ཟླ་ ༨ ཚེས་ ༢༤ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་གཉིས་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་གནམ་ཐང་དུ་ཕེབས་ཐོན་དང་། ཉིན་རྒྱབ་ཆུ་ཚོད་ ༣།༠༠ བར་ལྡི་ལི་གནམ་ཐང་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ལ་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༥།༤༥ ཙམ་ལ་དེ་གའི་གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་རྒས་གསོ་ཁང་གི་འགན་འཛིན་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། དེ་ནས་དགོང་དྲོ་ཆུ་ཚོད་ ༩།༤༥ ཐོག་ཧོན་སུར་རྒྱུད་སྨད་མགྲོན་ཁང་དུ་ཕེབས་འབྱོར་སྐབས། ས་གནས་དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ་དང་། སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས། ས་གནས་ཀྱི་གནད་ཡོད་མི་སྣ་རྣམ་པ། སྤྱི་མི། བརྒྱ་དཔོན་སོགས་ཀྱིས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་འདུག

ཕྱི་ཟླ་ ༨ ཚེས་ ༢༥ ཉིན་ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་སྤྱི་འཐུས་རྣམ་པ་གཉིས་བཞུགས་གནས་མགྲོན་ཁང་ནས་ས་གནས་ཀྱི་གུ་རུ་པུ་ར་སཾ་བྷོ་ཊ་ཉིན་མོའི་སློབ་གྲྭར་འཚམས་གཟིགས་ཕེབས་སྐབས། དགེ་སློབ་ཡོངས་ནས་རྔ་རོལ་དང་བཅས་སྣེ་ལེན་ཕེབས་བསུ་དང་། སློབ་མ་རྣམས་ཀྱིས་རིགས་ལམ་དང་། སྙན་ངག་གྱེར་འདོན། རྒྱ་ནག་དམར་གཞུང་གིས་བོད་ནང་གཉའ་གནོན་བྱེད་བཞིན་པའི་འཁྲབ་སྟོན་སོགས་གཟིགས་འབུལ་ཞུས་འདུག

དེ་རྗེས། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས། སློབ་གྲྭ་དང་། དགེ་རྒན། སློབ་མ་བཅས་ཀྱི་གལ་ཆེའི་རང་བཞིན་དང་། ཤེས་བྱ་ཡོན་ཏན་གྱི་གལ་གནད། མ་འོངས་པར་བོད་བསྟན་སྲིད་གཉིས་ལ་སྲི་ཞུ་ཡང་དག་སྒྲུབ་མཁན་ཞིག་ཆགས་དགོས་ཚུལ། དེ་བཞིན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་ཞལ་ཆེམས་སྐོར་སོགས་ཀྱི་ཐོག་ལ་གསུང་བཤད་དང་།

སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་གིས། སློབ་སྦྱོང་བྱེད་སྟངས་དང་ལུས་སེམས་འཕྲོད་བསྟེན་གལ་ཆེའི་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས། སློབ་གྲྭའི་འཛིན་ཁང་ཁག་ཏུ་སློབ་ཚན་འཁྲིད་བཞིན་པའི་སྐབས། སློབ་གྲྭའི་ཁོར་ཡུག་དང་འཛིན་ཁང་ཁག་ལ་གཟིགས་སྐོར་ཕེབས་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ས་འཐུས་ཚོགས་གཙོ་དང་། ས་གནས་དྲུང་ཡིག སྤྱི་མི་གཉིས། རྩིས་དྲུང་བཅས་ཀྱིས་སྣེ་ཁྲིད་དེ། བོད་མིི་མང་སྤྱི་འཐུས་རྣམ་གཉིས་ནས་རྒྱུད་སྨད་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ་གྲྭ་ཚང་། ཨོ་རྒྱན་གླིང་དགོན་པ་བཅས་ལ་གནས་མཇལ་འཚམས་གཟིགས་དང་། དེ་བཞིན་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། ས་གནས་མཉམ་འབྲེལ་ལས་ཁུངས་དང་སྡེ་ཚན་ཁག ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་སྨན་རྩིས་ཁང་། འོ་མ་མཉམ་འབྲེལ། སྤྱི་མི་ལས་ཁུངས། རྩེད་རིགས་ཚོགས་ཆུང་། དམག་ཟུར་ལས་ཁུངས་བཅས་སུ་འཚམས་གཟིགས་གནང་འདུག

འཚམས་གཟིགས་སྐབས། དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ་དང་། ལས་ཁུངས་སོ་སོའི་འགན་འཛིན་ལས་བྱེད་ཡོངས་ཀྱིས་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་དང་། ལྷག་པར་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་མཛོད་ཁང་དུ་བཀུར་འོས་སྤྱི་འཐུས་རྣམ་གཉིས་ལ་ཆེ་བསྟོད་མཚོན་ཕྱིར་རྗེ་བཙུན་སྒྲོལ་ལྗང་གི་སྐུ་ཐང་ཕྱག་རྟགས་སུ་གནང་བ་དང་། རྫོང་དཀར་ཆོས་སྡེའི་ཕྱག་མཛོད་རྣམ་པས་བཀུར་འོས་སྤྱི་འཐུས་རྣམ་གཉིས་ལ་ཆེ་བསྟོད་སླད་ཕྱག་རྟགས་གནང་འདུག གཞན་ཡང་ལས་ཁུངས་ཁག་ཅིག་ལ་དགོས་ངེས་ཀྱི་ལམ་སྟོན་གནང་སྟེ། ཉིན་དེའི་ལས་རིམ་རྣམས་ལེགས་པར་གྲུབ་ཡོད་པ་བཅས།
