སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་ལས་འཁུར་དམ་འབུལ།

དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་མདོ་སྟོད་སྤྱི་འཐུས་ཀྱི་ལས་གནས་ནས་རྩ་དགོངས་ཞུས་འཁྲོལ་བྱུང་མཚམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་སྐབས་ ༡༥ པའི་མདོ་སྟོད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བློ་བཟང་ཡེ་ཤེས་ལགས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་བཞིན། ཟླ་ ༡ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩། ༣༠ སྟེང་། ཚོགས་གཙོ་སྤེན་པ་ཚེ་རིང་གི་མདུན་དུ་བློ་བཟང་ཡེ་ཤེས་ལགས་ནས་སྤྱི་འཐུས་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང་། སྐབས་དེར་ངོ་བཞུགས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་བཅས་དམ་འབུལ་མཛད་སྒོར་མཉམ་ཞུགས་བྱས་ཡོད།

མཛད་སྒོ་གྲུབ་འཕྲལ་སྤྱི་འཐུས་ཚོགས་གཙོ་དང་། རྒྱུན་ལས་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བཅས་ནས་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ལ་རྟེན་འབྱུང་མཇལ་དར་གཡོགས་པ་དང་། ཚོགས་དྲུང་ལས་ཁུངས་ནས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ནི། ༡༩༨༨ ལོར་ཧ་པ་སྤུར་གཏན་སློབ་ནས་གཞི་རིམ་སློབ་གྲྭ་ཐོན།  སློབ་རྒྱུན་རིང་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། ༡༩༩༢ ལོར་ཅན་རྡི་རྒར་མཐོ་སློབ་ནས་སྲིད་དོན་ཚན་རིག་ཐོག  B.A. དང་དགེ་རྒན་འོས་སྦྱོང་ B.ed ཐོན། སློབ་གཉེར་རིང་ཅན་རྡི་སྒར་ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ། དེ་བཞིན་ཅན་རྡི་སྒར་གཙུག་ལག་སློབ་གཉེར་ཁང་གི་ཕྱི་རྒྱལ་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཞོན་བཅས་ཀྱི་ལས་འཁུར་ཞུས། དེ་རྗེས་སྤོན་ཊ་གཏན་སློབ་ཏུ་དགེ་རྒན་ལོ་ཤས་བྱས།  ༡༩༩༤ ལོར་ལྡི་ལི་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་དང་དབྱིན་བསྒྱུར་གྱི་ལས་འཁུར་ལོ་ ༦ ཞུས།  ༡༩༩༩ ལོར་སྦེལ་ཀོབ་སེར་བྱེས་སློབ་གྲྭར་དགེ་རྒན་ལོ་ ༦ བྱས།

༢༠༠༡  ནས་ ༢༠༠༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་སྒྲིག་འཛུགས་འགན་འཛིན་དང་ཚོགས་གཞོན་གྱི་ལས་འཁུར་ཞུས་རིང་བོད་དོན་དང་འབྲེལ་བའི་ཟས་བཅད་ངོ་རྒོལ་དང༌། ཞི་བའི་གོམ་བགྲོད། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྣ་མང་ཞིག་གི་འགན་ཁུར་རྐང་ལེན་དང༌། དེ་བཞིན་བོད་དོན་གོ་རྟོགས་སྤེལ་ཆེད་དུ་ཟབ་སྦྱོང་གང་མང་གོ་སྒྲིག་ཞུས།  ༢༠༠༣ དང་ ༢༠༠༤ སོ་སོའི་རང་བཙན་གོམ་བགྲོད་ལ་མཉམ་བཞུགས་དང་སྣེ་ཁྲིད། དེ་མཚུངས་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་སྙན་ཐོ་དང་རྒྱ་ནག་གི་འཁྱོག་བཤད་ཡིག་ཆ་ཁག་ལ་ལན་འདེབས་བྱས། ༢༠༠༥ ལོར་ལྡི་ལིར་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་ཆེན་དུ་མཉམ་ཞུགས་དང༌།  ༢༠༠༢ དང་ ༢༠༠༦ སོ་སོའི་དུས་འཁོར་དབང་ཆེན་སྐབས་གཞོན་ལྷན་གྱི་སྤྱི་ཚོགས་ཞབས་ཞུའི་སྣེ་ཁྲིད་འགན་ཁུར་ཞུས། དེ་བཞིན་བོད་མི་གཞིས་སྒར་དང༌། སློབ་གྲྭ། མཐོ་སློབ་ཕལ་མོ་ཆེར་ཆེད་བསྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་དང་ཆབ་སྲིད་གོ་རྟོགས། དེ་བཞིན་རྒྱལ་ཞེན་སློབ་གསོའི་ཟབ་སྦྱོང་སྣ་མང་སྤེལ།

༢༠༠༧ ལོར་གཉན་ནད་རེག་དུག་ནད་གཞི་འགོག་ཐབས་ཆེད་དུ་འདམ་ག་ཚོགས་པ་ཞེས་གསར་འཛུགས་ལ་རམ་འདེགས་ཐོབ། ད་ཆ་ཚོགས་པའི་འགན་ལྷན་ཚོགས་མི་དང༌། ལྷོ་གཞིས་ཁག་ལྔའི་ནད་པར་ལྟ་སྐྱོང་གི་འགན་ཁུར་ཞུ་མུས་ཡིན།  ༢༠༠༨ ལོར་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་བོད་བར་གོམ་བགྲོད་ཀྱི་འབྲེལ་འཐུད་པའི་འགན་ཁུར་དང་སྣེ་ཁྲིད་རྗེས་ད་བར་རྒྱ་བོད་གནད་དོན་ཐོག་ཉམས་ཞིབ། ཆབ་སྲིད་གོ་རྟོགས། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་འགན་གང་ནུས་ཞུས་དང་ཞུ་བཞིན་ཡོད།  མདོ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བཅས་སོ།།