སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་ལས་བྱེད་ཁག་ཅིག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ ཉིན་ལྷོ་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

གཞན་ཡང་སྤྱི་འཐུས་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ དང་། ཕྱི་ལོ་ ༢༠༢༣ ཟླ་ ༡ པོའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨ་མཡེ་ ཀ་ལོ་བྷུ་ཆར་ (Senator Amy Klobuchar) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཊི་ན་ སི་མི་ཏི་ (Senator Tina Smith)  མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་བྷེ་ཊི་ མེག་ཁོ་ལུམ་ (Congresswoman Betty McCollum) མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨི་ལན་ ཨུ་མར་ (Congresswoman Ilhan Omar) མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊོམ་ ཨེ་མར་ (Congressman Tom Emmer) མཆོག་བཅས་ཀྱི་ལས་བྱེད་རྣམས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (H.R 8365) ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་པ་དང་། དེ་བཞིན་བྱང་ཨ་རིའི་བོད་མིའི་གནས་སྟངས་སྐོར་བཅས་སྙན་སེང་ཞུས་གནང་འདུག