
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་། སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་ནས་ཉིན་གྲངས་དྲུག་རིང་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་དང་ཁྱབ་ཁོངས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་ཀྱིས་མཇུག་བསྒྲིལ་གནང་ཡོད།

དེ་ཡང་ཕྱི་ཟླ་ ༩ པའི་ཚེས་ ༨ ཉིན་སྡེ་ར་ལྡུན་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་མཐའ་མར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རཱཇ་པུར་བོད་ཁྱིམ་སློབ་གྲྭར་གོ་སྒྲིག་ཞུས་པའི་ ’ཕྱི་ལོ་ ༢༠༢༦ ལོའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་’ ཐོག་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་མཉམ་ཞུགས་གནང་ཡོད།

གཞན་ཡང་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགསདང་། རཱཇ་པུར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་རྒྱལ་མཚན་ལགས་ཀྱིས་གཙོས་པའི་དགེ་ཆེ་དང་ལས་བྱེད་རྣམ་པ། རཱཇ་པུར་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། བདེ་སྐྱིད་གླིང་བོད་ཁྱིམ། གྷོ་རི་མཱ་ཕི་བོད་ཁྱིམ། མ་སུ་རི་སཾ་བྷོ་ཊ། སེ་ལ་ཀུལ་བོད་ཁྱིམ། ཧར་པ་པུར་བོད་ཁྱིམ་བཅས་སློབ་གྲྭ་ཁག་བདུན་ནས་ཚོགས་བཅར་བ་སློབ་མ་ གྲངས་ ༡༦༣ མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་སྤྱི་འཐུས་རྣམ་གཉིས་ཀྱིས་གཙོ་བོ་གསུངས་དོན། རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། ལྷག་པར་དུ་གཞོན་སྐྱེས་རྣམས་ནས་བོད་མིའི་འཐབ་རྩོད་ཀྱི་ནུས་པ་མུ་མཐུད་གོང་མཐོར་གཏོང་རྒྱུར་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་ལས་རིམ་འདི་ལྟ་བུའི་སྡིངས་ཆའི་གལ་གནད་དང་། རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག བོད་ནང་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པའི་ཉེན་ཚབས་སྐོར། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བའི་སྐོར་སོགས་ཀྱི་ཐོག་གསུངས་འདུག

བོད་ཕྲུག་རྣམས་ནི་ང་ཚོའི་མ་འོངས་བོད་ཀྱི་སོན་རྩ་ཡིན་པ་དྲན་སྐུལ་དང་འབྲེལ། སློབ་ཕྲུག་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་དགའ་སྤོབས་བྱེད་དགོས་པ་དང་། བོད་ཀྱི་རྩ་དོན་གྱི་ལས་འགུལ་ནང་ཆ་ཤས་དང་ནུས་པ་སྤུང་དགོས་སྐོར་གསུངས་འདུག

དེ་ནས་སྤྱི་འཐུས་རྣམ་གཉིས་ནས་ “དེང་རབས་ཀྱི་སྤྱི་ཚོགས་ནང་ཕྱིའི་དངོས་པོའི་ཡར་རྒྱས་ལས་ནང་སེམས་ཀྱི་བཟང་སྤྱོད་གལ་ཆེ་བ་ཡིན།” ཞེས་པའི་བརྗོད་གཞིའི་ཐོག་གི་བོད་ཡིག་བགྲོ་གླེང་ལ་གཟིགས་ཞིབ་དང་། མཐར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྣམ་གཉིས་ནས་བགྲོ་གླེང་གི་ཟུར་དཔང་རྣམས་ལ་ཆེ་བསྟོད་དང་། བགྲོ་གླེང་མཉམ་ཞུགས་གནང་མཁན་སློབ་མ་རྣམས་ལ་ཕྱག་ཁྱེར་ཕུལ་གནང་འདུག་པ་བཅས།
