སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་ནས་མུ་མཐུད་སྡེ་ར་ལྡུན་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་གནང་བ།

 

༄༅། ། བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༣ ཉིན་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་འདུ་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་བཅས་ལ་མཇལ་ཁ་ཞུས་པ་དང་། དེ་བཞིན་རཇ་སྤུར་དང་། དགེ་འཕེལ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་འདུག

དེ་ཡང་ཕྱི་ཟླ་ ༩ པའི་ཚེས་ ༥ གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་གསུམ་པར། བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ཐོག་མར་ས་སྐྱ་ཆོས་སྒར་དུ་མཆོད་མཇལ་འཚམས་གཟིགས་དང་། དེ་རྗེས་རཇ་སྤུར་བུད་མེད་མཉམ་ལས་བཟོ་གྲྭར་གཟིགས་སྐོར་དང་འབྲེལ་མི་མང་འདུ་འཛོམས་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལམ་སྟོན་ལྟར་གསུང་བཤད་དང་། ཚོགས་བཅར་བའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

རཇ་སྤུར་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་ཕེབས་སྐབས། སློབ་གྲྭའི་སློབ་སྤྱི་དང་། དགེ་ཆེ། དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུ་སྣེ་ལེན་དང་། སློབ་གྲྭའི་ནང་གཟིགས་ཞིབ་གནང་རྗེས་དགེ་སློབ་འདུ་འཛོམས་ཐོག་གསུང་བཤད་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་གཙོ་བོ་བོད་ཀྱི་རྩ་དོན་ཐོག་བོད་ཕྲུག་རྣམས་ཀྱི་འགན་འཁྲི་བཞེས་ཕྱོགས་སྐོར་ལ་གསུངས་གནང་འདུག

གཞན་ཡང་སྤྱི་འཐུས་རྣམ་གཉིས་ནས་རཇ་སྤུར་དུ་རྒས་ཡོལ་ལ་ཕེབས་པའི་སློབ་གྲྭའི་དགེ་ལས་རྣམས་དང་། རྒས་གསོ་ཁང་གི་རྒན་རྒོན་རྣམས་དང་ལྷན་སོ་སོར་ཐུག་འཕྲད་གནང་འདུག

དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་དུ་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་སྤྱི་འཐུས་རྣམ་གཉིས་ནས་མཇལ་ཁ་དང་བཀའ་སློབ་ལམ་སྟོན་ཞུས་པ་དང་། དེ་བཞིན་རིན་པོ་ཆེ་མཆོག་ལ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་འདུག གཞན་ཡང་སྤྱི་འཐུས་རྣམ་གཉིས་ནས་རིམ་པས་དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་དང་། ས་སྐྱ་མཐོ་སློབ་ཏུ་དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་འདུག

དེ་ཉིན་ལས་རིམ་མཐའ་མར། སྤྱི་འཐུས་རྣམ་གཉིས་ནས་དགེ་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ། གཞིས་མི་རྣམས་དང་ལྷན་ཐུག་འཕྲད་ཀྱིས་ས་ཁང་དང་འབྲེལ་བའི་གནད་དོན་ཐོག་ལ་བཀའ་བསྡུར་ལྷུགས་པོ་གནང་འདུག་པ་བཅས།