
༄༅། ། བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༣ ཉིན་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་འདུ་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༤ ཉིན་བོད་མི་མང་སྤྱི་འཐུས་རྣམ་གཉིས་མ་སུ་རི་སཾ་བྷོ་ཊ་གཏན་སློབ་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་དང་། ནེ་ནི་ཏལ་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ལས་སྣེ་རྣམས་དང་ལྷན་ཚོགས་འདུ་ཚོགས་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༤ གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་ཉིན་གཉིས་པར། བོད་མི་མང་སྤྱི་འཐུས་རྣམ་གཉིས་ཐོག་མར་མ་སུ་རི་སཾ་བྷོ་ཊ་གཏན་སློབ་ཏུ་ཕེབས་ཤིང་། སྐབས་དེར་སློབ་གྲྭའི་འཛིན་སྐྱོང་གི་ལས་སྣེ་དང་། དགེ་ལས་སློབ་མ་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་པ་དང་། དེ་རྗེས་སློབ་གྲྭའི་ཁོར་ཡུག་ནང་གཟིགས་སྐོར་དང་། དགེ་སློབ་འདུ་འཛོམས་ཐོག་གསུང་བཤད་གནང་ཡོད་འདུག

དེ་ནས་སྤྱི་འཐུས་རྣམ་པ་གཉིས་མ་སུ་རི་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཏེ། སློབ་གྲྭའི་འཛིན་སྐྱོང་གི་ལས་སྣེ་རྣམ་པ་དང་། དགེ་སློབ་ལྷན་རྒྱས་ཐུག་འཕྲད་དང་། དེ་བཞིན་སློབ་གྲྭའི་འཛིན་ཁང་དང་། ཚན་རིག་བརྟག་དཔྱད་ཁང་། ཀཾ་པུ་ཊར་འཛིན་ཁང་། སློབ་ཕྲུག་སྡོད་ཁང་བཅས་ལ་གཟིགས་སྐོར་གནང་རྗེས། དགེ་སློབ་འདུ་འཛོམས་ཐོག་གསུང་བཤད་གནང་ཞིང་།

སྐབས་དེར་སྤྱི་འཐུས་རྣམ་གཉིས་ཀྱིས་གཙོ་བོ་གསུངས་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གནང་ཕྱོགས། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རང་ལུས་མེར་བསྲེགས་ཕུལ་བའི་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་། གཞན་ཡང་། གཞོན་སྐྱེས་རྣམ་པས་སོ་སོའི་མི་ཚེའི་མདུན་ལམ་ཐོག་དཀའ་ལས་རྒྱག་པ་དང་མཉམ་དུ་བོད་སྤྱི་པའི་རྩ་དོན་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་དགོས་སྐོར་དང་། དེ་བཞིན་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་སྐོར་ལ་གསུངས་འདུག

དེ་རྗེས། སྤྱི་འཐུས་རྣམ་གཉིས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཉེ་འཁྲིས་སུ་ཡོད་པའི་བཙན་བྱོལ་ནང་གི་བོད་པའི་དགོན་པ་ཐོག་མ་བཤད་སྒྲུབ་ཆོས་འཕེལ་གླིང་དགོན་པར་མཆོད་མཇལ་དང་། རཇ་པུར་ས་སྐྱ་དགོན་པར་ཕུར་པའི་བྱིན་རླབས་མཇལ་ཁ་བཅས་ཞུས་གནང་འདུག
མཐར། ནེ་ནི་ཏལ་ས་གནས་བོད་མིའི་ལས་སྣེ་རྣམ་པ་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་བོད་མིའི་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་དང་ལྷན་ཐུག་འཕྲད་ཀྱིས་ཉིན་དེའི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་བཅས།
