སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་བལ་ཡུལ་གཉེ་ཤང་བྲག་དཀར་ (Baraka) མ་ནང་ (Manang) ལུང་པར་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ།

༄༅། །བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༤ ཉིན་རྒྱབ་བལ་ཡུལ་སྤོག་ར་ཁུལ་ལ་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས། བཀྲ་ཤིས་གླིང་ས་གནས་འགོ་འཛིན་བསྟན་འཛིན་དཔལ་ལྡན་ལགས་དང་ལྷན་དུ་གཉེ་ཤང་བྲག་དཀར་ (Baraka) མ་ནང་ (Manang) ལུང་པར་ཕེབས་ཐོན་གནང་ཞིང་། ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་མ་ནང་ཁུལ་དུ་ཕེབས་འབྱོར་བྱུང་འདུག

སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་བལ་ཡུལ་གཉེ་ཤང་བྲག་དཀར་(Baraka) སྐྱིད་ཕུག་ཉི་མ་རྫོང་དུ། རྗེ་བཙུན་མི་ལ་རས་པ་དང་ཁྱི་ར་བ་མགོན་པོ་རྗེ་མཇལ་བའི་རྣམ་ཐར་ངོ་མཚར་ཅན་གྱི་སྒྲུབ་ཕུག་དང་སྒྲུབ་ཆུ། དེ་བཞིན་ཡུལ་དགོན་བཅས་སུ་མཆོད་མཇལ་དང་གཟིགས་སྐོར་གནང་བ་དང་། དེ་རྗེས་བློ་འཕེལ་གླིང་གཏན་འཇགས་སློབ་གྲྭར་ཕེབས་ཤིང་། སྐབས་དེར་སློབ་གྲྭའི་དགེ་ཆེས་གཙོས་པའི་དགེ་ལས་དང་སློབ་ཕྲུག དེ་བཞིན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མིས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་དང་། མི་མང་བཅས་ནས་མཇལ་དར་དང་གྲོ་སོ་ཕྱེ་མར་འདེགས་འབུལ་གྱིས་བང་རིམ་བསྒྲིགས་ཏེ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་གྲུབ་མཚམས། འཛིན་ཁང་དང་། དཔེ་མཛོད་ཁང་། རྩེད་ཐང་། དེ་བཞིན་མི་མང་གི་ཚོགས་ཁང་གསར་རྒྱག་གི་ལས་གཞི་བཅས་ལ་གཟིགས་སྐོར་གནང་ཡོད་འདུག

ཉིན་རྒྱབ་ས་གནས་འགོ་འཛིན་དབུ་བཞུགས་ཐོག ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི། ས་གནས་འབྲེལ་མཐུད་པ། དེ་བཞིན་སློབ་གྲྭའི་དགེ་ཆེ་དང་དགེ་རྒན་གྱིས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་ཚང་འཛོམས་ཐོག་མི་མང་ཚོགས་འདུ་ཞིག་བསྐོངས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་ས་གནས་མི་མང་རྣམས་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཏེ་མི་མང་གི་བསམ་ཚུལ་དང་བདེ་སྡུག་ཁག་ལ་རྒྱུས་ལོན་དང་། ལན་འདེབས་གསལ་བཤད་གནང་དགོས་རིགས་གནང་ཡོད་པ་དང་། དེ་རྗེས་ས་གནས་འགོ་འཛིན་ནས་མང་ཚོགས་ལ་གསལ་བཤད། སློབ་གྲྭའི་དགེ་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ། མི་མང་ཚོགས་འདུ་གྲུབ་པ་དང་།

བློ་འཕེལ་གླིང་གཏན་འཇགས་སློབ་གྲྭའི་སློབ་ཕྲུག་རྣམས་ནས་ལུས་ལ་བོད་ཆས་གྱོན་ཏེ། བོད་ཀྱི་གཞས་སྣ་འཁྲབ་སྟོན་སྣ་ཚོགས་བྱས་ཏེ་མ་ནང་ཁུལ་གྱི་ལས་རིམ་ཡོངས་སུ་རྫོགས་པ་ལེགས་པར་གྲུབ་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་བལ་ཡུལ་རྒྱལ་ས་ཀཐ་མན་གྲུར་བལ་ཡུལ་གངས་ཅན་བདེ་རྩའི་སྤྱི་ཁྱབ་དྲུང་ཆེ་ཚེ་རིང་སྟོབས་རྒྱལ་ལགས་དང་། བལ་ཡུལ་དོན་ཁང་གི་དྲུང་ཆེ་ཀརྨ་རྒྱལ་མཚན་ལགས་རྣམ་གཉིས་ལྷན་དུ་ཐུག་འཕྲད་ཀྱིས། སྤོག་ར་གཞིས་ཁག་དང་གློ་ཚེ་རོགས་རྣམ་རྒྱལ་གླིང་། དེ་བཞིན་རྡོ་ཐང་ནོར་འཛིན་གླིང་བཅས་ནས་མི་མང་གིས་བདེ་སྡུག་མང་དག་ཅིག་ཞུས་པ་ཁག་རྣམས་དཀའ་སེལ་ཐབས་ལམ་ཇི་དགེའི་སྐོར་གོ་བསྡུར་ལྷུག་པོ་གནང་སྟེ། སྤྱི་འཐུས་རྣམ་གཉིས་ཀྱི་ད་ཐེངས་བལ་ཡུལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་ཡོད་པ་བཅས།