སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་སུ་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ པའི་ཚེས་ ༡༢ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས། བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད་པ་དང་། དེའང་སྤྱི་འཐུས་རྣམ་གཉིས་ཐོག་མར་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་དང་། གློ་ཚེ་རོག་རྣམ་རྒྱལ་གླིང་། དེ་བཞིན་རྡོ་ཐང་ནོར་འཛིན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་གཅིག་ལྕོགས་བཀྲ་ཤིས་ཚེ་བརྟན་ལགས་དང་ལྷན་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་ཀྱི་མདུན་ཐང་དུ་ཕེབས་འབྱོར་སྐབས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྤྱི་མི་བརྒྱ་དཔོན། སློབ་གྲྭའི་དགེ་ཆེ། བྱང་ཆུབ་ཆོས་གླིང་དགོན་གྱི་སྐུ་ཚབ། མཉམ་འབྲེལ་ཚོགས་གཙོ། ས་གནས་མངའ་རིས་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ། དེ་བཞིན་ས་གནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་ཡིས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་མཇལ་དར་དང་ལྷན་ཕེབས་བསུའི་སྣེ་ལེན་ཞུས་འདུག

ས་གནས་ནས་ཕེབས་བསུའི་སྣེ་ལེན་གྲུབ་པ་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་གོང་འཁོད་ས་གནས་ཀྱི་གནད་ཡོད་མི་སྣ་ཁྱོན་མི་གྲངས་ཉི་ཤུ་ཙམ་ཞིག་འདུ་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། ས་གནས་འགོ་འཛིན་ནས་ཚོགས་འདུ་དབུ་འཛུགས་དང་། སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་གྲུབ་མཚམས། ས་གནས་བོད་མི་རྣམས་ཀྱི་ཡིག་ཆའི་དཀའ་ངལ་དང་། བོད་ཕྲུག་རྣམས་ཀྱི་སློབ་སྦྱོང་དང་ལས་ཀའི་གོ་སྐབས། གཞིས་ཆགས་སྲ་བརྟན་གྱི་གནས་བབ་སོགས་བརྗོད་གཞི་ཁག་ཇི་སྙེད་ཅིག་གི་ཐོག་རྒྱུས་ལོན་དང་གསལ་བཤད་ལན་འདེབས་སོགས་དུས་ཡུན་ཆུ་ཚོད་གཉིས་ཙམ་གནང་བ་དང་།

དེ་རྗེས་ས་གནས་འགོ་འཛིན་ནས་མང་ཚོགས་ལ་གསལ་བཤད་གྲུབ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་ལྷན་ཚོགས་འདུ་གྲོལ་གནང་འདུག

སྤྱི་འཐུས་རྣམ་གཉིས་ནས་བཞུགས་མོལ་ཚོགས་འདུ་གྲུབ་མཚམས་ས་གནས་འགོ་འཛིན་གྱི་ལས་ཁུངས་དང་། མི་མང་ཚོགས་ཁང་། ས་གནས་གྲོས་ཚོགས་ཀྱི་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། གཞིས་བཟོའི་ཚོང་ཁང་། བྱང་ཆུབ་ཆོས་གླིང་དགོན་པ། དེ་བཞིན་ས་གནས་སྨན་རྩིས་ཁང་བཅས་སུ་ཆེད་བཅར་གནང་སྟེ་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་མཐིལ་ཕྱིན་གནང་ཡོད་པ་བཅས།