སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ནས་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༡ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཕེབས་ཐོན་གྱིས་དྷེབ་རུ་གྷར་གནམ་ཐང་དུ་འབྱོར་སྐབས། ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་དང་། ལས་ཁུངས་ཁ་ལོ་བ་རྣམ་པ་གཉིས་ནས་ཕེབས་བསུ་གནང་སྟེ། དགོང་མོ་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས།

ཏི་ཛུ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་དང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། ས་གནས་འཕྲོད་བསྟེན་དང་སྨན་རྩིས་ཁང་གི་འགན་འཛིན་རྣམ་པ། དགོན་པའི་སྐུ་ཚབ། སློབ་གྲྭའི་དགེ་ཆེ། མཉམ་འབྲེལ་དྲུང་ཆེ། པདྨ་བཀོད་སྐུ་ཚབ། བུད་མེད་ལྷན་ཚོགས། དྭང་ཟུར་སྐུ་ཚབ། ཕ་མའི་ཚོགས་ཆུང་། སྤྱི་མིའི་འཐུས་མི་རྣམ་པ་བཅས་ནས་ཕེབས་བསུའི་མཇལ་དར་སྒྲོན་འབུལ་དང་། གསོལ་ཇ་དང་། དགོང་དྲའི་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་འདུག


དེ་ཡང་ཕྱི་ཚེས་ ༡༢ ཉིན་སྔ་དྲོ་ཞོགས་ཇ་མཆོད་གྲུབ་རྗེས། ས་གནས་༧རྒྱལ་བའི་ཕོ་བྲང་ལ་ཁ་དང་། ལྷ་དགོང་བྱང་ཆུབ་ཆོས་གླིང་དགོན་པར་གནས་གཟིགས་དང་། དེ་ནས་ཏི་ཛུ་སཾ་བྷོ་ཊའི་སློབ་གྲྭ་གཟིགས་སྐོར་ཕེབས་སྐབས། འབྲེལ་ཡོད་ནས་ཕེབས་བསུ་གནང་སྟེ། དགེ་སློབ་རྣམ་པར་བཀའ་སློབ་དང་སློབ་གྲྭར་གཟིགས་སྐོར་གནང་།

ཉིན་རྒྱབ་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། མཉམ་འབྲེལ། བོད་ཀྱི་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། སྤྱི་མིའི་ལས་ཁུངས། རྒས་གསོ་ཁང་། གྲོང་སྡེ་དང་པོ་ནས་ལྔ་པ་བར་གཟིགས་སྐོར་དང་། ཨོ་རྒྱན་ཆོས་གླིང་དགོན་དང་། བཀྲ་ཤིས་ཆོས་གླིང་དགོན་གཉིས་ལ་གནས་མཇལ།

དེ་བཞིན་བུ་བཅོལ་ཁང་བཅས་སུ་རིམ་པས་གཞུང་འབྲེལ་ལས་རིམ་བསྐྱངས་གནང་བ་དང་། ཕྱི་ཚེས་ ༡༣ ཉིན་མི་མང་གསུང་བཤད་དང་ལས་རིམ་ཁག་མུ་མཐུད་བསྐྱང་འཆར་ཡོད་པ་བཅས།