སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ལྷ་རོང་མཆོག་རྣམ་གཉིས་ནས་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།


༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ལྷ་རོང་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༢༨ ནས་ ༣༠ བར་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་གནང་སྟེ། ཐེངས་འདིའི་རྒྱལ་ས་ལྡི་ལི་ཁུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་རེད།


དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༧ པའི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ པའི་ཐོག་ལྡི་ལི་བསམ་ཡས་གླིང་ནས་ཕེབས་ཐོན་གྱིས། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འཚམས་གཟིགས་སུ་ཕེབས་ཤིང་། སྐབས་དེར་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། དྲུང་ཆེ་ཡིས་གཙོས་པའི་ལས་བྱེད་རྣམ་པས་ཕེབས་བསུའི་སྣེ་ལེན་དང་འབྲེལ། ལྡི་ལི་དོན་གཅོད་ལས་ཁུངས་ཀྱི་ལས་དོན་སྐོར་ངོ་སྤྲོད་སྙན་སེང་ཞུས་རྗེས། སྤྱི་འཐུས་རྣམ་གཉིས་ནས་ཐོག་མར་གསར་དུ་ཕེབས་པའི་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ལ་འཚམས་འདྲི་དང་སྦྲགས། རྒྱ་གར་སྐྱབས་བཅོལ་ལག་དེབ་དང་། ཕྱི་བསྐྱོད་ལག་དེབ་སེར་པོའི་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་ཁུལ་དང་། རྡ་རམ་ས་ལ་ཁུལ་ལ་གནས་སྡོད་བོད་མི་རྣམས་ཀྱི་རྒྱ་གར་སྐྱབས་བཅོལ་ལག་དེབ་དང་། ཕྱི་བསྐྱོད་ལག་དེབ་སེར་པོ་བཅས་ཡིག་ཆ་གཉིས་ཀྱི་ཐོག་ལ་དོ་ནན་པོ་དང་ཐུགས་སྣང་ཆེན་པོ་གནང་དགོས་པའི་ལམ་སྟོན་གནང་འདུག


ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་བྱང་རྩེ་ལྷ་མོ་ཁང་དང་། བྱང་ཆུབ་ལྷ་ཁང་། འབྲས་སྤུངས་སྔགས་པ་གྲྭ་ཚང་བཅས་ལ་གནས་གཟིགས་སུ་ཕེབས་པ་དང་། སྐབས་སོ་སོར་འབྲེལ་ཡོད་ཕྱག་མཛོད་དང་དགེ་འདུན་པ་རྣམ་པས་སྣེ་ལེན་ངོ་སྤྲོད་དང་། དེ་བཞིན་བརྒྱ་འཐུས་ལས་ཁུངས་དང་། ས་གནས་སྨན་རྩིས་ཁང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་སུ་རིམ་པས་འཚམས་གཟིགས་སུ་ཕེབས་སྐབས། འབྲེལ་ཡོད་ལས་བྱེད་རྣམ་པས་ཁུངས་སོ་སོའི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་དང་། ས་གནས་ཀྱི་བདེ་སྡུག་སྐོར་སྙན་སེང་ཞུས་གནང་འདུག


ཉིན་རྒྱབ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་ཁུངས་སུ་འཚམས་གཟིགས་སུ་ཕེབས་ཤིང་། སྐབས་དེར་དབུས་སྤྱི་ཁྱབ་དྲུང་ཆེ་ཀརྨ་བསམ་འགྲུབ་ལགས་དང་། དངུལ་གཉེར་དགེ་བཤེས་བསྟན་འཛིན་དངོས་གྲུབ་ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཐོག་ནས་༧རྒྱལ་བའི་བཀའ་དགོངས་ལྟར་ཕྱག་ལས་གང་དང་གང་གནང་གི་ཡོད་པའི་སྐོར་ངོ་སྤྲོད་ཞུས་རྗེས། མདོ་ཁམས་ཆུ་བཞི་སྒང་དྲུག་དཔའ་བོའི་རྗེས་དྲན་ཚོགས་ཁང་ནང་གཟིགས་སྐོར་ཕེབས་ཡོད་འདུག

ཕྱི་དྲོ་ཆུ་ཚོད་ ༥།༠༠ པའི་ཐོག་ལྡི་ལི་བསམ་ཡས་གླིང་བརྒྱ་འཐུས་ཚོགས་ཁང་ནང་ས་གནས་མི་མང་འདུ་འཛོམས་ཐོག ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་། དེ་རྗེས་སྤྱི་འཐུས་རྣམ་གཉིས་ཀྱིས་རིམ་པས་སྤྱི་འཐུས་རྒྱུན་ལས་ནས་ལམ་སྟོན་གནང་བ་ལྟར་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་གནང་ཞིང་། དེ་ཡང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་གཙོ་བོ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། རྒྱལ་སྤྱིའི་གནས་བབ། དེ་བཞིན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཕུལ་བའི་སྐོར་དང་འབྲེལ་ཏེ། དམ་པ་ཁོང་གི་རླབས་ཆེ་བའི་སྐུ་ལུས་མེར་བསྲེགས་ཕུལ་བའི་ལས་འགུལ་དེར་ཚང་མས་ཐུགས་སྣང་ཆེན་པོས་ས་ཕྱོགས་གང་སར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་དམ་པ་ཁོང་གི་ཐུགས་རེ་ནང་བཞིན་ང་ཚོ་ཚང་མ་ཆོལ་གསུམ་ཆོས་ལུགས་དང་བཅས་པས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཐོག་མུ་མཐུད་ནས་བོད་ཀྱི་རྩ་དོན་ཐོག་ལ་ཤུགས་རྒྱག་དགོས་པ་དེ་ཁོང་གི་མངོན་འདོད་ཡིན་པ་སོགས་ཀྱི་གསུང་བཤད་ཟབ་རྒྱས་གནང་བ་དང་།

སྤྱི་འཐུས་ལྷ་རོང་མཆོག་གིས་གཙོ་བོ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ལ་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཀྱི་དགོངས་དོན་སྐོར། རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་བཞིན་ཡོད་པ་སོགས་ཁྲིམས་ཡིག་དེའི་ཉེན་ཚབས་དང་ང་ཚོའི་ངོས་ནས་གདོང་ལེན་བྱེད་ཕྱོགས་སྐོར་སོགའ་གསུང་བཤད་ཟབ་རྒྱས་གནང་རྗེས། ཚོགས་བཅར་བ་མི་མང་རྣམས་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་ཕུལ་ཞིང་། སྐབས་དེར་ཚོགས་བཅར་བ་མང་པོ་ཞིག་གིས་དོགས་འདྲི་དང་།དགོངས་ཚུལ་ལྷུགས་པོ་ཕུལ་བ་ཁག་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་དང་། དགོང་དྲོ་ས་གནས་ཀྱི་ཚོགས་པ་ཁག་ ༢༦ གི་ཐོག་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ལ་ཕེབས་སྐྱེལ་གྱི་གསོལ་སྟོན་ཞིག་བཤམས་ཏེ། ཐེངས་འདིའི་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ་བཅས།